འཇོལ་མོའི་གྲེ་འགྱུར།
འདིར་བཀོད་པའི་རྩོམ་ཡིག་རྣམས་རང་གིས་སྔོན་མ་ནས་བྲིས་པའི་དཔྱད་རྩོམ་དང་ཡུལ་སྐོར་ཟིན་ཐོ་སོགས་བོར་བརླག་མི་འབྱུང་བའི་ཆེད་དུ་ཡིག་ཚགས་ཀྱི་ཚུད་དུ་འདིར་བཀོད་པ་ཡིན། འདིར་ཡུལ་སྐོར་ཟིན་བྲིས་དང་དཔྱད་རྩོམ་ལས་གཞན་སྙན་ངག་བརྩམས་སྒྲུང་སོགས་བཀོད་མེད།
Sunday, 28 April 2013
ཞོགས་པའི་མགྱོགས་བྲིས།
སེམས་སྐྱེད།
Thursday, 28 March 2013
ཝ་ར་ན་སི།
ཝ་ར་ན་སི།
ནམ་མཁའ་ནི་སྔ་ཞིང་བསངས།།
ཉི་འོད་ནི་ཚ་ཞིང་སྲེག།
སྡོང་ལོ་ནི་རྙིད་ཅིང་འཁུམས།།
མི་རྣམས་ནི་ཉོབ་ཅིང་དུབ།།
བྱ་བྱེའུ་རྣམས་གང་ལ་བྲོས།།
འབའ་འབུ་རྣམས་གང་ལ་འཛུལ།།
ས་སྟེང་འདི་ཚ་བེར་བེར།།
ད་ལྟ་ཉིད་འབར་ལ་ཉེ།།
སྐད་ཆ་ནི་སྟོབས་ཀྱིས་བཤད།།
གཅིག་གཅིག་ལ་མིག་ལོག་ལྟ།།
དོན་མེད་དུ་ཁྲོས་སམ་ཅི།།
རྒྱ་སྲང་འདི་ཁྲོ་མིས་ཁེངས།།
ཉོབ་ཏོ་ཡིས་ཉོབ་ཏོར་བཤད།།
ཉོབ་ཏོ་ཡིས་ཉོབ་ཏོ་དྲུད།།
རྒྱ་སྲང་འདི་ཉོབ་ཏོས་ཁེངས།།
འཇིག་རྟེན་འདི་ཉོབ་ཏོ་རེད།།
གཞུང་ལམ་རྣམས་བཤིག་ཅིང་རལ།།
འཕྲུལ་འཁོར་དང་མི་ཟོག་འཚིང་།།
འཁོར་ལོ་རྐང་ལག་རྣམས།།
གཅིག་ཐོག་གཅིག་སྤོ་ཞིང་འགྲོ།།
ཁང་ཁྲོམ་རྣམས་ཐལ་མདོག་རེད།།
ཉི་འོད་ཀྱིས་བལྡགས་སོང་གམ།།
མི་ཟོག་ཀྱང་ཐལ་བའི་མདོག།
གནའ་རྫས་ལྟར་རྙིང་རལ་གྱུར།།
རྒན་རྒོན་རྣམས་ཡིད་དག་འདྲ།།
གཞོན་པ་རྣམས་ཕག་ལྟར་ཚོ།།
བྱིས་པ་ཚོར་སྙིང་རྗེ་སྐྱེས།།
ཡུལ་འདི་ན་སྣ་ཚོགས་གཟུགས།།
ཕྱི་ལོ་༢༠༡༣། ༠༣། ༢༦ གུང་ཡོལ་ཙམ་ལ་བྲིས།
རང་ཉིད་ལ་གདམས་པའི་མདོ།
༄༅།། དཔལ་ལེགས་ལྡན་ནག་པོའི་གླུ་ཞེས་བྱ་བ་བཞུགས་སོ།། ༼ལེའུ་བཅུ་གཉིས་པ། དད་པའི་རྣལ་འབྱོར།༽
༄༅།། དཔལ་ལེགས་ལྡན་ནག་པོའི་གླུ་ཞེས་བྱ་བ་བཞུགས་སོ།། ༼ལེའུ་གསུམ་པ། ལས་ཀྱི་རྣལ་འབྱོར།༽
༄༅།། དཔལ་ལེགས་ལྡན་ནག་པོའི་གླུ་ཞེས་བྱ་བ་བཞུགས་སོ།།
ལེའུ་གསུམ་པ། ལས་ཀྱི་རྣལ་འབྱོར།
སྲིད་སྒྲུབ་ཀྱིས་སྨྲས་པ།
ནག་པོ་གལ་ཏེ་ཁྱོད་ཀྱི་བློ།།ལས་ལས་ལྷག་པར་བཞེད་ན་ཀོ།།ཁོ་བོ་འཇིགས་རུང་ལས་རྣམས་ལ།།ངེས་པར་སྦྱོར་བ་དེ་ནི་ཅི།།
འདྲེས་མ་ལྟ་བུའི་ཚིག་རྣམས་ཀྱིས།།བདག་གི་བློ་གྲོས་རྨོངས་པ་བཞིན།།དེས་ན་གང་གིས་ཁོ་བོ་ཡིས།།ངེས་པར་མཆོག་འཐོབ་གཅིག་པུ་གསུང་།།
དཔལ་བཅོམ་ལྡན་གྱིས་གསུངས་པ།
ཡེ་ཤེས་སྦྱོར་བས་གྲངས་ཅན་དང་།།ལས་ཀྱིས་སྦྱོར་བའི་རྣལ་འབྱོར་ཏེ།།རྣམ་བཞག་ཚུལ་གཉིས་འཇིག་རྟེན་འདིར།།སྲིད་སྒྲུབ་ཁོ་བོས་ཐོག་མར་བཤད།།
ལས་ཀྱི་རྩོམ་པ་མེད་པར་ནི།།སྐྱེས་བུས་ལས་བྲལ་མི་འཐོབ་ཅིང་།།ཀུན་སྤངས་ཙམ་གྱིས་གྲུབ་པ་ལ།།ཡང་དག་ལྷག་པར་འགྲོ་མི་འགྱུར།།
སུ་ཞིག་ནམ་ཡང་ལས་མེད་པར། །སྐད་ཅིག་ཙམ་ཡང་མི་སྡོད་དེ།།རང་བཞིན་ལས་སྐྱེས་ཡོན་ཏན་གྱིས།།ཐམས་ཅད་དབང་མེད་ལས་ལ་བཀོལ།།
ལས་ཀྱི་དབང་པོ་རྣམས་བཀག་ནས།།སེམས་ནི་དབང་དོན་དྲན་ཅིང་གནས།།རྣམ་པར་རྨོངས་པའི་བདག་ཉིད་ཅན།།གང་དེ་ཚུལ་འཆོས་ཅན་དུ་བརྗོད།།
གང་ཞིག་ཆགས་མེད་ཡིད་ཀྱིས་ནི།།དབང་པོ་རྣམས་ནི་ངེས་བསྡུས་ཏེ།།ལས་ཀྱི་དབང་པོ་ལས་སྦྱོར་ལ།།བཀོལ་བ་དེ་ནི་ཁྱད་པར་འཕགས།།
ལས་ནི་ལས་མེད་པ་ལས་ལྷག ཁྱོད་ནི་ཅིས་ཀྱང་ལས་མཛོད་ཅིག།ཁྱོད་ཀྱི་ལུས་ཀྱི་རྒྱུ་བ་ཡང་།།ལས་མེད་རབ་ཏུ་འགྲུབ་མ་ཡིན།།
མཆོད་སྦྱིན་དོན་ལས་གཞན་བྱས་ན།།འཇིག་རྟེན་འདི་ནི་ལས་ཀྱིས་འཚལ།།སྲིད་སྒྲུབ་ཞེན་པ་བྲལ་བ་ཡིས།།དེ་ཡི་དོན་དུ་ལས་ལ་སྤྱོད།།
སྔོན་ཚེ་ཚངས་པས་སྐྱེ་རྒུ་དང་།།མཆོད་སྦྱིན་ལྷན་དུ་བསྐྱེད་བྱས་ནས།།འདི་ནི་ཁྱོད་ཀྱི་འདོད་འཇོའི་བ།།འདི་ཡིས་འཕེལ་བར་གྱིས་ཞེས་གསུངས།།
འདི་ཡིས་ལྷ་རྣམས་དགའ་བྱས་པས།།ལྷ་དེ་རྣམས་ཀྱིས་ཁྱོད་དགའ་བྱེད།།ཕན་ཚུན་དགའ་བར་བྱས་པ་ཡིས།།ལེགས་པའི་མཆོག་ནི་ཡོངས་སུ་འཐོབ།།
མཆོད་སྦྱིན་གྱིས་ནི་མགུ་བའི་ལྷས།ཁྱོད་ལ་འདོད་པའི་ལོངས་སྤྱོད་བསྩལ།།དེ་ཡིས་བྱིན་པ་དེ་སྤྱད་ནས།།མི་མཆོད་གང་དེ་རྐུན་པོ་ཉིད།།
མཆོད་སྦྱིན་ལྷག་མ་ཟོས་པ་ཡིས། །དགེ་ལྡན་ཉེས་པ་ཀུན་ལས་གྲོལ།།གང་ཞིག་བདག་སླད་ཟས་གཡོ་བའི།།སྡིག་ཅན་དེ་རྣམས་སྡིག་པ་ཟ།།
འབྱུང་བོ་རྣམས་ནི་ཟས་ལས་བྱུང་།།ཟས་ནི་ཆར་པ་ལས་རབ་བྱུང་།།ཆར་པ་མཆོད་སྦྱིན་ལས་བྱུང་སྟེ།།མཆོད་སྦྱིན་ལས་ལས་ཡང་དག་བྱུང་།།
ལས་ནི་ཚངས་པ་ལས་བྱུང་ཞིང་། །ཚངས་པ་ཡི་གེ་ལས་རབ་བྱུང་།།དེའི་ཕྱིར་ཀུན་ཁྱབ་ཚངས་པ་ནི། །མཆོད་སྦྱིན་ལ་ནི་རྟག་ཏུ་གནས།།
གང་ཞིག་འདི་ན་འདི་བཞིན་དུ། །འཁོར་བའི་འཁོར་ལོ་མི་བསྐོར་བར།།དབང་པོ་རྣམས་ཀྱི་དགའ་བ་དེ།།སྡིག་པའི་ཚེ་ཡིས་དོན་མེད་འཚོ།།
རང་ཉིད་རང་གིས་དགའ་བྱེད་ཅིང་།།རང་ཉིད་རང་གིས་ཚིམ་བྱེད་ལ།།རང་ཉིད་རང་གིས་ངོམ་འགྱུར་བའི།།མི་དེས་ཅི་ཡང་བྱ་དགོས་མེད།།
དེ་ལ་བྱས་དང་མ་བྱས་པས།།འདི་ན་དོན་ནི་ཅང་མེད་དེ།།འདི་ཡི་འབྱུང་བོ་ཐམས་ཅད་ལ།།ཅི་ཡང་རག་ལས་ཡོད་མ་ཡིན།།
དེས་ན་མ་ཆགས་བྱ་བའི་ལས། །རྟག་ཏུ་ཡང་དག་སྤྱོད་པར་མཛོད།།མ་ཆགས་ཀུན་སྤྱོད་བྱ་བ་ཡིས། །སྐྱེས་བུས་མཆོག་ནི་ཡང་དག་བརྙེས།།
ཛ་ན་ཀ་སོགས་ལས་ཉིད་ཀྱིས།།ཡང་དག་གྲུབ་པའི་གོ་འཕང་ཐོབ།།འཇིག་རྟེན་ཡོངས་འཛིན་རྣམས་ལ་ཡང་།།ཡང་དག་བལྟས་ནས་བྱ་བར་རིགས།།
སྐྱེས་མཆོག་གང་དང་གང་མཛད་པ།།དེ་དང་དེ་ནི་གཞན་གྱིས་ཏེ།།དེ་ཡིས་ཚད་མར་གང་མཛད་པ།།དེ་ལ་འཇིག་རྟེན་རྗེས་སུ་འབྲང་།།
སྲིད་སྒྲུབ་འཇིག་རྟེན་གསུམ་པོ་ན།ཁོ་བོས་མ་ཐོབ་འཐོབ་བྱ་དང་།།བྱ་དགོས་ཅི་ཡང་མེད་མོད་ཀྱིས།།བདག་གི་ལས་རྣམས་ཁོ་ན་བྱེད།།
གལ་ཏེ་ནམ་ཡང་ཁོ་བོ་ཡིས།།དལ་མེད་ལས་རྣམས་མ་བྱས་ན།།སྲིད་སྒྲུབ་མི་རྣམས་ཐམས་ཅད་དུ།ཁོ་བོའི་ལམ་ལ་རྗེས་འགྲོ་འགྱུར།།
ཁོ་བོས་ལས་ནི་མ་བྱས་ན།།འཇིག་རྟེན་འདི་ནི་འཆི་བར་འགྱུར།།རིགས་རྣམས་འཆོལ་བར་བྱེད་པ་དང་།།སྐྱེ་རྒུ་འདི་དག་བརླག་པར་འགྱུར།།
ཇི་ལྟར་བློ་དང་མི་ལྡན་པས།།ལས་ལ་ཆགས་ནས་ལས་བྱེད་ན།།དེ་བཞིན་མཁས་པས་མ་ཆགས་པར།།འཇིག་རྟེན་ཡོངས་འཛིན་འདོད་པས་བྱེད།།
རྨོངས་པ་ལས་ལ་ཞེན་རྣམས་ཀྱི། །བློ་ལ་ཡིད་གཉིས་མི་བསྐྱེད་པར།།མཁས་པ་ཡང་དག་སྤྱོད་བརྟན་པས།།ལས་རྣམས་ཀུན་ལ་སྦྱོར་བར་བྱ།།
རང་བཞིན་ལས་སྐྱེས་ཡོན་ཏན་གྱིས།།ཐམས་ཅད་ཀུན་ཏུ་ལས་རྣམས་བྱེད།།བདག་ཏུ་འཛིན་པས་རྨོངས་པ་རྣམས།།ང་ནི་བྱེད་པ་པོ་ཞེས་སེམས།།
སྲིད་སྒྲུབ་ལས་དང་ཡོན་ཏན་གྱི། །རྣམ་དབྱེ་དེ་ཉིད་རིག་པ་རྣམས།།ཡོན་ཏན་རྣམས་ནི་ཡོན་ཏན་ལ།།འཇུག་ཅེས་ཤེས་ནས་ཆགས་མི་འགྱུར།།
རང་བཞིན་ཡོན་ཏན་གྱིས་རྨོངས་པ།།ཡོན་ཏན་རྣམས་ཀྱི་ལས་ལ་ཆགས།།ཕྱོགས་རེ་རིག་པའི་བརྟུལ་བོ་དེ།།ཡོངས་རྫོགས་མཁྱེན་པས་དཀྲུགས་མི་བྱེད།།
ནང་གི་བདག་ཉིད་བསམ་པ་ཡིས།།ང་ཡི་ངང་དུ་ལས་ཀུན་མཐོང་།།བདག་གི་བ་མེད་སྨོན་པ་མེད།།རིམ་ལས་གྲོལ་དེ་གཡུལ་གྱིས་ཤིག།
ཡིད་ཅན་གང་ཞིག་ཁོ་བོའི་གྲོས། །འདི་ལ་རྟག་ཏུ་རྗེས་བརྟེན་པ།།མ་སྨད་དད་ལྡན་དེ་དག་ཀྱང་།།ལས་རྣམས་ལས་ནི་གྲོལ་བར་འགྱུར།།
གང་ཡང་ཁོ་བོའི་གྲོས་འདི་ལ། །མངོན་པར་སྨོད་ཅིང་མི་བརྟེན་པ།།ཤེས་པ་ཐམས་ཅད་སྨོད་གྱུར་པའི།།བསམ་མེད་དེ་དག་བརླག་པར་ཤེས།།
ཡེ་ཤེས་ལྡན་པ་རྣམས་ཀྱང་ནི། །རང་གི་གཤིས་དང་མཐུན་པར་འཇུག།འབྱུང་བོ་གཤིས་ཀྱི་རྗེས་འབྲང་ལ།།དགག་པའི་ཐབས་ནི་ཅི་ཞིག་བྱེད།།
དབང་པོ་རྣམས་ཀྱི་དབང་དོན་ལ།།ཆགས་དང་སྡང་བ་རིམ་བཞིན་གནས།།དེ་དག་དེ་ཡི་དགྲ་ཡིན་པས།།དེ་ཡི་དབང་དུ་མ་འགྲོ་ཞིག།
གཞན་ཆོས་མཆོག་ཏུ་ལེགས་པ་ལས།།རང་ཆོས་ཡོན་ཏན་མེད་པ་མཆོག།གཞན་གྱི་ལུགས་ལ་འཇིགས་པ་ལས།།རང་གི་ལུགས་ལ་འཆི་བ་ལེགས།།
སྲིད་སྒྲུབ་ཀྱིས་སྨྲས་པ།
འོ་ན་ནག་པོ་གང་ཞིག་གིས།།སྟོབས་ཀྱིས་གཅུན་པ་ཇི་བཞིན་དུ།།སྐྱེས་བུ་འདི་ལ་སྦད་བྱས་ཏེ།།མི་འདོད་བཞིན་དུ་སྡིག་པ་བྱེད།།
དཔལ་བཅོམ་ལྡན་གྱིས་གསུངས་པ།
རྡུལ་གྱི་ཡོན་ཏན་ལས་བྱུང་བ།།འདོད་པ་འདི་སྟེ་ཞེ་སྡང་འདི།།གཏོགས་འདོད་ཆེན་པོ་སྡིག་ཆེན་པོ།།འདི་ནི་འདི་ན་དགྲ་རུ་ཤེས།།
ཇི་ལྟར་དུ་བས་མེ་ལྕེ་དང་།།རྡུལ་གྱིས་མེ་ལོང་གཡོགས་གྱུར་ཅིང་།།ཇི་ལྟར་ཕྲུ་མས་ལྷུམས་གཡོགས་པ།།དེ་ལྟར་དེ་ཡིས་འདི་ཉིད་གཡོགས།།
སྲིད་སྒྲུབ་འདོད་པའི་གཟུགས་ཅན་དང་།།ཚིམ་པར་དཀའ་བའི་མེ་ལྕེ་སྟེ།།ཡེ་ཤེས་ཅན་གྱི་ནར་མའི་དགྲ།།འདི་ཡིས་ཡེ་ཤེས་ཀུན་ཏུ་གཡོགས།།
བློ་དང་ཡིད་དང་དབང་པོ་འདིའི།།བྱིན་གྱིས་བརླབས་པར་བརྗོད་གྱུར་པ།།དེ་རྣམས་ཡིས་ནི་ལུས་ཅན་གྱི།།ཡེ་ཤེས་གཡོགས་ཞིང་རྨོངས་པ་བྱས།།
དེ་སླད་དབང་པོ་རྣམས་བསྡུས་ནས།།རྒྱ་གར་རིགས་ཀྱི་ཁྱུ་མཆོག་ཁྱོད།།རྣམ་ཤེས་ཡེ་ཤེས་འཇོམས་བྱེད་པའི།།སྡིག་ཅན་འདི་ནི་ཐོག་མར་སོད།།
དབང་པོ་རྣམས་ནི་མཆོག་ཏུ་བཤད།།ཡིད་ནི་དབང་པོ་རྣམས་ལས་མཆོག།བློ་ནི་ཡིད་ལས་མཆོག་ཡིན་ཏེ།།བློ་ཡིས་ཀྱང་ནི་བདག་ཉིད་མཆོག།
དེ་ལྟར་བློ་ལས་མཆོག་ཤེས་ནས། །བདག་གིས་བདག་ཉིད་བརྟན་བྱས་ཏེ།།དཔའ་བོ་ཆེན་པོ་འདོད་པའི་གཟུགས།།གདུལ་བར་དཀའ་བའི་དགྲ་
སོད་ཅིག།
ཅེས་པ་ལས་ཀྱི་རྣལ་འབྱོར་ཅེས་བྱ་བ་སྟེ། ལེའུ་གསུམ་པའོ།། །།
༄༅།། དཔལ་ལེགས་ལྡན་ནག་པོའི་གླུ་ཞེས་བྱ་བ་བཞུགས་སོ།། ༼ལེའུ་གཉིས་པ། གྲངས་ཅན་གྱི་རྣལ་འབྱོར།༽
༄༅།། དཔལ་ལེགས་ལྡན་ནག་པོའི་གླུ་ཞེས་བྱ་བ་བཞུགས་སོ།།
སྒྱུར་བ་པོ། དགེ་འདུན་ཆོས་འཕེལ།
ལེའུ་གཉིས་པ། གྲངས་ཅན་གྱི་རྣལ་འབྱོར།
ཡང་དག་རྒྱལ་བས་སྨྲས་པ།
དེ་ལྟར་བརྩེ་བས་ནོན་གྱུར་པ། །མཆི་མས་གང་ཞིང་དམར་བའི་མིག། ལྡན་པ་དེ་ལ་ཚིག་རྒྱུད་དུག།འདི་ནི་སྦྲང་རྩི་འཇོམས་པས་གསུངས།།
དཔལ་བཅོམ་ལྡན་འདས་ཀྱིས་གསུངས་པ།
འཕགས་པས་མི་འདོད་བྱས་མི་གཟོ།།མཐོ་རིས་མ་ཡིན་སྨད་པ་འདི། །སྲིད་སྒྲུབ་ཁྱོད་ལ་ཅི་ལྟ་བུར། །ཡ་ངའི་ཡུལ་ལ་ཡོངས་སུ་གནས།།
སྡར་མ་ཉིད་དུ་མ་འགྱུར་ཅིག །སྲིད་སྒྲུབ་ཁྱེད་ལ་དེ་མི་འོས། །དམན་ཅིང་སྙིང་སྟོབས་ཞན་པ་སྤོངས།།ཕ་རོལ་གདུང་མཛད་བཞེངས་པར་མཛོད།།
སྲིད་སྒྲུབ་ཀྱིས་སྨྲས་པ།
ཀྭ་ཡེ་དགྲ་འཇོམས་སྦྲང་རྩི་གསོད།།འཇིགས་བྱེད་དང་ནི་བྲེ་བོ་སྟེ།།ཁོ་བོས་མཆོད་འོས་དག་ལ་ནི།།གཡུལ་དུ་མདའ་ཁ་ཅི་ལྟར་གྱེས།།
ཉམས་མྱོང་ཆེ་ལྡན་བླ་མ་བཀྲོངས་པ་ལས།།འཇིག་རྟེན་འདི་ན་སློང་མོ་ཟས་ཀྱང་མཆོག།བླ་མ་བསད་དེ་ཁྲག་གིས་རབ་སྦགས་པའི།།ནོར་དང་འདོད་པ་འདི་ཙམ་ལོངས་སྤྱོད་འགྱུར།།
བདག་ཅག་རྒྱལ་ལམ་འོན་ཏེ་ཕམ་གྱུར་པ།།འདི་གཉིས་གང་ཞིག་ལྕི་བ་དེ་མ་ཤེས།།མདུན་ན་གང་གནས་ཡུལ་འཁོར་སྲུང་སྐྱེས་རྣམས།།བསད་ནས་ཁོ་བོ་གསོན་པར་འདོད་མ་ལགས།།
མཛའ་བའི་སྐྱོན་གྱིས་ནོན་པའི་ངང་ཚུལ་ཅན།།ཆོས་ལ་རྨོངས་པའི་ཡིད་ཀྱིས་ཁྱོད་ལ་ཞུ།།བདག་ནི་ཁྱོད་ཞབས་བརྟེན་པའི་སློབ་མ་སྟེ།།གང་ཞིག་ལེགས་པ་བདག་ལ་ངེས་པར་གསུང་།།
ས་སྟེང་འདི་ན་འགྲན་མེད་འབྱོར་པ་དང་།།མཐོ་རིས་མངའ་བདག་རྒྱལ་སྲིད་ཐོབ་གྱུར་ཀྱང་།།བདག་གི་དབང་པོ་རྣམ་གདུངས་མྱ་ངན་འདི།།སེལ་བྱེད་གང་ཡང་རབ་ཏུ་མཐོང་མ་ལགས།།
ཡང་དག་རྒྱལ་བས་སྨྲས་པ།།དེ་སྐད་དགའ་བའི་སྐྲ་ཅན་ལ།།དཔའ་བོ་སྲིད་སྒྲུབ་ཀྱིས་བརྗོད་དེ།།གླང་སྐྱོང་འཐབ་པར་བདག་མི་སྤྲོ།།
ཞེས་པ་སྨྲས་ནས་གཅོམ་སྐྱུངས་གྱུར།།དམག་སྡེ་གཉིས་ཀྱི་དབུས་ན་ནི།།སྒྱིད་ལུག་ལྡན་པའི་སྲིད་སྒྲུབ་ལ།།རབ་ཏུ་འཛུམ་དང་བཅས་བཞིན་དུ།།
ཚིག་འདི་དགའ་བའི་སྐྲ་ཡིས་གསུངས།།
དཔལ་བཅོམ་ལྡན་གྱིས་གསུངས་པ།
ཁྱོད་ནི་མཁས་པའི་གཏམ་སྨྲ་ཡང་།།མྱ་ངན་མེད་ལ་མྱ་ངན་བྱེད།།ཤི་གསོན་གང་གི་དོན་དུ་ཡང་།།མཁས་རྣམས་མྱ་ངན་རྗེས་མི་མཛད།།
བདག་ནི་ནམ་ཡང་མེད་མ་གྱུར།།ཁྱོད་དང་རྒྱལ་བོ་འདི་རྣམས་མིན།།དེས་ན་ཕྱིས་ཀྱང་བདག་ཅག་ཀུན།།མེད་པར་འགྱུར་བ་མ་ཡིན་ནོ།།
བྱིས་པ་དར་མ་རྒས་པ་རྣམས།།ལུས་འདི་ཉིད་ལ་འཐོབ་པ་བཞིན།།ལུས་ཅན་རྣམས་ཀྱིས་ལུས་གཞན་ལེན།།དེ་ལ་མཁས་རྣམས་རྨོངས་པ་ཡིན།།
དེ་ཙམ་རྣམས་དང་རེག་པ་ན།།ཚ་གྲང་དང་ནི་བདེ་སྡུག་འབྱིན།།གློ་བུར་བྱུང་ནས་ཡལ་འགྱུར་བ།།མི་རྟག་དེ་རྣམས་བཟོད་པར་གྱིས།།
སྐྱེས་བུའི་ཁྱུ་མཆོག་འདི་རྣམས་ཀྱིས།།འཁྲུག་པ་མེད་པའི་སྐྱེས་བུ་གང་།།བདེ་སྡུག་མཉམ་པའི་བརྟན་པ་ཅན།།དེ་ནི་བདུད་རྩིའི་སླད་དུ་འོས།།
མེད་པ་འབྱུང་བར་མི་འགྱུར་བའི།།བྱུང་བར་གྱུར་པ་མེད་མི་འགྱུར།།མཐར་ཐུག་དེ་ཉིད་རིག་པ་རྣམས།།འདི་དག་གཉིས་ཀྱང་གཟིགས་པ་ཡིན།།
གང་གི་ཐམས་ཅད་ཁྱབ་བྱེད་པ། །དེ་ནི་འཇིག་པ་མེད་པར་ཤེས།།འཛད་མེད་འདི་ནི་སུ་ཡིས་ཀྱང་། །འཇོམས་པར་བྱེད་པ་རིགས་མ་ཡིན།།
མི་འཇིག་གཞལ་དུ་མ་མཆིས་པའི།།རྟག་པའི་ལུས་ཅན་དེ་ཡི་ལུས།།འདི་ནི་མཐའ་དང་ལྡན་པར་བརྗོད།།དེས་ན་སྲིད་སྒྲུབ་གཡུལ་ལ་ཞུགས།།
གང་གིས་འདི་ནི་གསོད་པོར་རིག།གང་གིས་འདི་ནི་གསོད་པར་སེམས།།དེ་གཉིས་རྣམ་པར་མི་ཤེས་ཏེ།།འདི་ནི་མི་གསོད་བསད་པ་མིན།།
འདི་ནི་ནམ་ཡང་སྐྱེས་སམ་འཆི་བ་མེད།།སྔོན་ཆད་མ་བྱུང་ཕྱིན་ཆད་འབྱུང་མི་འགྱུར།།སྐྱེ་མེད་རྟག་པ་གཡུང་དྲུང་གདོད་མ་འདི།།ལུས་ལ་བསད་ཚེ་གསོད་པ་མ་ཡིན་ནོ།།
འོན་ཏེ་མ་སྐྱེས་མི་འཛད་ཅིང་།།འཇིག་པ་མེད་པའི་རྟག་པ་འདི།།གང་གིས་ཤེས་པའི་སྐྱེས་བུ་དེས།།སུ་ཞིག་སྦད་ཅིང་སུ་ཞིག་གསོད།།
ཇི་ལྟར་མི་རྣམས་གོས་ནི་རྙིང་པ་དག།བོར་ནས་གསར་པ་རྣམས་ནི་གྱོན་བྱེད་པ།།དེ་བཞིན་རྒས་པའི་ལུས་དག་བོར་བྱས་ནས།།ལུས་ཅན་རྣམས་ཀྱིས་གསར་པ་གཞན་དག་ལེན།།
འདི་ནི་མཚོན་གྱིས་མི་ཆོད་ཅིང་།།འདི་ནི་མེ་ཡིས་མི་ཚིག་སྟེ།།འདི་ནི་ཆུ་ཡིས་མི་འདྲུལ་ཅིང་།།རླུང་གིས་ཀྱང་ནི་སྐེམ་མ་ཡིན།།
ཚིགས་བཅད་འདི་ཡང་བསྟོད་འགྲེལ་དུ་དྲངས།
འདི་ནི་མི་ཆོད་མི་ཚིག་ཅིང་།།འདི་ནི་མི་འདྲུལ་མི་སྐེམ་ཉིད།།རྟག་བརྟན་གཡོ་མེད་ཀུན་ལ་ཁྱབ།།འདི་ནི་རྒྱུན་ཆད་མེད་པ་ཡིན།།
འདི་ནི་མི་མངོན་བསམ་ལས་འདས།།འདི་ནི་འགྱུར་བ་མེད་པར་བརྗོད།།དེ་ལྟར་རིག་ནས་དེ་ཡི་ཕྱིར།ཁྱེད་ནི་མྱ་ངན་བྱ་མི་རིགས།།
འོན་ཏེ་རྟག་ཏུ་སྐྱེས་པ་འམ།།འདི་ནི་རྒྱུན་དུ་འཆི་སྙམ་པ།།ཁྱོད་ཀྱིས་དེ་ལྟར་སེམས་ན་ཡང་།།འདི་ལ་མྱ་ངན་བྱ་མི་རིགས།།
སྐྱེས་པ་ངེས་པར་འཆི་འགྱུར་ཞིང་།།ཤི་བ་ངེས་པར་སྐྱེས་པར་འགྱུར།།སྤང་དུ་མེད་པའི་དོན་འདི་ལ། །ཅིའི་ཕྱིར་ཁྱོད་ནི་མྱ་ངན་བྱེད།།
འབྱུང་བོའི་ཐོག་མ་མི་མངོན་ཅིང་།།མཐའ་མ་ཡང་ནི་མངོན་མ་ཡིན།།བར་དུ་མངོན་པར་གསལ་ཙམ་ཏེ།།སྲིད་སྒྲུབ་དེ་ལ་མྱ་ངན་ཅི།།
ལ་ལ་ངོ་མཚར་ལྡན་པ་འདི་མཐོང་ཞིང་།།དེ་བཞིན་གཞན་ནི་ངོ་མཚར་ཅན་འདི་སྨྲ།།གཞན་ནི་ངོ་མཚར་ཅན་འདི་ཐོས་གྱུར་ཏེ།།ལ་ལ་འདི་ནི་ཐོས་ཀྱང་ཤེས་མི་འགྱུར།།
ཀུན་གྱི་ལུས་ལ་ལུས་ཅན་འདི།།ནམ་ཡང་བསད་དུ་ཡོད་མ་ཡིན།།དེའི་ཕྱིར་འབྱུང་བོ་ཀུན་སླད་དུ།།སྲིད་སྒྲུབ་ཁྱོད་ནི་གདུང་མི་འཚལ།།
རང་གི་ཆོས་ལ་བལྟས་ནས་ཀྱང་། །འདར་བར་བྱེད་པ་རིགས་མིན་ཏེ།།གཡུལ་གྱི་ཆོས་ལས་ལྷག་པ་ནི། །རྒྱལ་རིགས་རྣམས་ལ་ཡོད་མ་ཡིན།།
མ་བཅད་མཐོ་རིས་སྒོ་མོ་ལ།།སྟེས་དབང་གིས་ནི་འོང་གྱུར་པ།།འདི་འདྲ་བ་ཡི་གཡུལ་རྙེད་པའི། །རྒྱལ་རིགས་དེ་དག་བདེ་བ་ཡིན།།
གལ་ཏེ་དེ་ལྟ་ན་ཡང་ཁྱོད།།གཡུལ་གྱི་ཆོས་འདི་མི་བྱེད་ན།།རང་གི་ཆོས་དང་སྙན་པ་དག །འཇོམས་པའི་སྡིག་པ་དེའི་ཕྱིར་བགྱིད།།
ཁྱོད་ལ་སྐྱེ་བོ་ཀུན་གྱིས་ཀྱང་།།མི་ཟད་གཏམ་ངན་སྨྲ་བར་འགྱུར།།ཡ་རབས་རྣམས་ལ་གཏམ་ངན་ནི། །འཆི་བ་ལས་ཀྱང་ལྷག་པ་ཉིད།།
དམག་དཔོན་ཆེན་པོ་རྣམས་ཀྱིས་ཁྱོད།།འཇིགས་ཏེ་གཡུལ་ལས་བྱོལ་བར་སེམས།།གང་གིས་ཁྱོད་ལ་ཚན་པོ་ཆེར།།བསམས་ནས་ཡང་བར་རྟོགས་
པར་འགྱུར།།
ཁྱོད་ལ་ཁྱོད་ཀྱི་དགྲ་བོ་རྣམས།།བསྔགས་པ་མ་ཡིན་མང་བརྗོད་འགྱུར།།ཁྱོད་ཀྱི་མཐུ་ལ་དམའ་ཕབ་པ།།དེ་ལས་ལྷག་པའི་སྡུག་བསྔལ་གང་།།
བསད་ནས་མཐོ་རིས་འཐོབ་པ་འམ།།ཡང་ན་གསོན་ཏེ་ས་ཆེན་སྤྱོད།།དེའི་ཕྱིར་གཡུལ་ལ་ངེས་པར་གྱིས།།བཞེངས་པར་མཛོད་ཅིག་ཀུན་ཏའི་བུ།།
བདེ་སྡུག་རྙེད་དང་མ་རྙེད་དང་།།རྒྱལ་དང་མ་རྒྱལ་སྙོམ་མཛོད་ལ།།དེ་ནས་གཡུལ་ལ་སྦྱོར་བར་གྱིས། །འདི་འདྲ་སྡིག་པར་འགྱུར་མ་ཡིན།།
གྲངས་ཅན་ཚུལ་དུ་བཤད་ཟིན་པའི།།བློ་དེ་རྣལ་འབྱོར་ཚུལ་དུ་ཉོན།།སྲིད་སྒྲུབ་བློ་དེ་ལྡན་ན་ཁྱེད།།ལས་ཀྱི་འཆིང་བ་གཅོད་པར་ནུས།།
འདི་ལ་འབད་པ་ཆུད་པའི་མཛའ།།ཕྱིན་ཅི་ལོག་ཀྱང་འབྱུང་མ་ཡིན།།ཆོས་འདིའི་ཆ་ཤས་ཕྲ་མོས་ཀྱང་།།འཇིགས་པ་ཆེན་པོ་སྐྱོབ་པར་བྱེད།།
སྲིད་སྒྲུབ་གཏན་ལ་ཕབ་བྱས་པའི།།རྟོགས་པ་གཅིག་ནི་འདིར་ན་སྟེ།།གཏན་ལ་མ་ཕེབས་རྟོགས་པ་ལ།།ཡན་ལག་མང་ཞིང་མཐའ་མ་མཆིས།།
ལས་འབྲས་སྐྱེ་བ་རབ་སྦྱིན་ཅིང་། །འབྱོར་བའི་དབང་ཕྱུག་འཐོབ་བྱེད་པའི།།ཆོ་གའི་ཁྱད་པར་མང་བོ་ཅན།།ཚིག་གི་མེ་ཏོག་གང་ཡིན་པའི།།
རིག་བྱེད་སྨྲ་བ་ལ་དགའ་ཞིང་།།གཞན་ནི་མེད་ཅེས་སྒྲོག་བྱེད་པ།།འདོད་བདག་མཐོ་རིས་ལྷུར་ལེན་པའི།།མི་མཁས་རྣམས་ཀྱིས་རབ་ཏུ་བརྗོད།།
དེ་ཡིས་ཡིད་རབ་འཕྲོག་གྱུར་པའི།།དབང་དང་འབྱོར་ལ་ཆགས་པ་རྣམས།།གཏན་ལ་ཕབ་པའི་བདག་ཉིད་དང་།།ཏིང་འཛིན་བློ་ནི་སྒྲུབ་མི་བྱེད།།
གཉིས་མེད་རྟག་པ་གཤིས་ཀྱི་གནས།།སྦྱོར་བའི་གཞི་མེད་བདག་ཉིད་ཅན།།སྲིད་སྒྲུབ་ཡོན་ཏན་གསུམ་དང་བྲལ།།ཡོན་ཏན་གསུམ་ནི་རིག་བྱེད་ཡུལ།།
ཐམས་ཅད་ཀུན་ན་ཀླུང་འབབ་པར།།ཁྲོན་པ་ཅི་ཙམ་དོན་ཡོད་ན།།དེ་ཙམ་ཤེས་ལྡན་བྲམ་ཟེ་ལ།།རིག་བྱེད་ཡུན་ནི་དོན་ཡོད་འགྱུར།།
ཁྱོད་ནི་བྱ་བ་ཙམ་ལ་དབང་།།འབྲས་བུ་ལ་ནི་ནམ་ཡང་མིན།།ལས་ཀྱི་འབྲས་བུའི་རྒྱུ་མ་བྱེད།།ལས་མེད་ལ་ནི་མ་ཞེན་ཅིག།
སྲིད་སྒྲུབ་རྣལ་འབྱོར་བརྟན་བྱས་ཏེ།།ཞེན་པ་སྤོང་ལ་ལས་མཛོད་ཅིག།གྲུབ་དང་མ་གྲུབ་མཉམ་པ་ཡི།།མཉམ་ཉིད་རྣལ་འབྱོར་བྱ་བར་བརྗོད།།
སྲིད་སྒྲུབ་བློ་ཡི་རྣལ་འབྱོར་ལས། །ལས་ནི་རིང་དུ་དམན་པ་ཉིད།།བློ་ལ་སྐྱབས་སུ་འཚོལ་བར་གྱིས། །འབྲས་བུ་འཚོལ་རྣམས་སྙིང་རྗེའི་ཡུལ།།
བློ་དང་ལྡན་ན་ཚེ་འདི་ལ།།ལེགས་ཉེས་གང་བྱས་གཉིས་ཀ་སྤོང་།།དེ་སླད་རྣལ་འབྱོར་ཉམས་སུ་ལོངས།།ལས་ཀྱི་ནང་ན་རྣལ་འབྱོར་དགེ།
བློ་དང་ལྡན་པའི་མཁས་པ་ཡིས། །ལས་ལས་སྐྱེས་པའི་འབྲས་སྤངས་ཏེ།།སྐྱེ་བའི་འཆིང་བ་རྣམ་གྲོལ་ནས།།ནད་དང་བྲལ་བའི་གནས་སུ་གཤེགས།།
ནམ་ཞིག་རྨོངས་པ་འཐིབ་པོ་ལས།།བློ་ནི་རིང་དུ་བརྒལ་བའི་ཚེ།།ཐོས་དང་ཐོས་པར་བྱ་བ་ལ།ཁྱོད་ནི་ཡི་ཆད་སྐྱེ་བར་འགྱུར།།
ནམ་ཞིག་ཐོས་པས་གཡེང་བའི་བློ།།རྒྱུ་བ་མེད་པར་བརྟན་གྱུར་ཏེ།།མཉམ་པར་བཞག་པ་མི་གཡོ་ན། །དེ་དུས་ཁྱོད་ཀྱིས་རྣལ་འབྱོར་ཐོབ།།
སྲིད་སྒྲུབ་ཀྱིས་སྨྲས་པ།
ནག་པོ་ཤེས་རབ་བརྟན་པ་དང་། །ཏིང་འཛིན་བརྟན་པའི་བཤད་པ་གང་།།བློ་བརྟན་རྣམས་ནི་ཇི་ལྟར་སྨྲ།།ཇི་ལྟར་སྡོད་ཅིང་ཇི་ལྟར་འགྲོ།།
དཔལ་བཅོམ་ལྡན་འདས་ཀྱིས་གསུངས་པ།
སྲིད་སྒྲུབ་གང་ཚེ་ཡིད་འགྲོ་བའི། །འདོད་པ་ཐམས་ཅད་སྤངས་གྱུར་ཏེ།།བདག་གིས་བདག་ཉིད་ཚིམ་བྱེད་པ།།དེའི་ཚེ་ཤེས་རབ་བརྟན་པར་བརྗོད།།
སྡུག་བསྔལ་ལ་ནི་ཡིད་མི་འཁྲུགས།།བདེ་བ་ལ་ཡང་ཞེན་པ་མེད།།ཆགས་སྡང་འཇིགས་པ་ཀུན་སྤངས་པ།།ཐུབ་པ་བརྟན་པ་བྱ་བར་བརྗོད།།
དགེ་དང་མི་དགེ་དེ་ཐོབ་པས།།མངོན་དགའ་མི་བྱེད་ཁྲོ་མི་བྱེད།།ཀུན་ལ་མངོན་པར་མི་ཞེན་པ།།གང་དེའི་ཤེས་རབ་རབ་ཏུ་བརྟན།།
གང་ཚེ་རུས་སྦལ་ཡན་ལག་བཞིན།།འདི་ཡི་དབང་རྣམས་དབང་དོན་ལས།།རྣམ་པ་ཀུན་ཏུ་འདུས་གྱུར་པ།།དེ་ཡི་ཤེས་རབ་རབ་ཏུ་བརྟན།།
གཟན་པ་སྤངས་པའི་ལུས་ཅན་ལ།།ཡུལ་ནི་ལོག་ཀྱང་ཞེན་པ་ལུས།།འདི་ཡི་མཆོག་ནི་མཐོང་གྱུར་ནས།།ཞེན་པའི་རོ་ཡང་ལོག་པར་འགྱུར།།
སྲིད་སྒྲུབ་སྐྱེས་བུ་སྡོམ་པ་ཅན།།མཁས་པའི་བློ་དང་ལྡན་པ་ཡང་།།མི་བསྲུན་དབང་བོའི་ཚོགས་རྣམས་ཀྱིས།།ཡིད་ནི་ཤུགས་ཀྱིས་འཕྲོག་པར་བྱེད།།
དེ་རྣམས་ཐམས་ཅད་ལེགས་བསྡམས་ནས།།སྦྱོར་ལྡན་ང་ལ་ལྷུར་ལེན་གནས།།གང་གི་དབང་བོ་དབང་བྱས་པ།།དེ་ཡི་ཤེས་རབ་རབ་ཏུ་བརྟན།།
སྐྱེས་བུས་ཡུལ་ལ་སེམས་པ་ན།།དེ་ལ་ཞེན་པ་སྐྱེ་བར་འགྱུར།།ཞེན་ལས་འདོད་པ་ཡང་དག་སྐྱེས།།འདོད་ལས་ཁྲོ་བ་མངོན་པར་སྐྱེས།།
ཁྲོ་བ་ལས་ནི་ཀུན་རྨོངས་འབྱུང་། །ཀུན་ཏུ་རྨོངས་ལས་དྲན་པ་འཁྲུལ།།དྲན་པ་འཁྲུལ་བས་བློ་ཉམས་ཤིང་།།བློ་ཉམས་པ་ལས་འཆི་བར་འགྱུར།།
ངང་བརྟན་བདག་ཉིད་དབང་གྱུར་ཏེ།།ཆགས་སྡང་བྲལ་བའི་དབང་པོ་ཡིས།།ཡུལ་རྣམས་ལ་ནི་སྤྱོད་བྱེད་པ།།རབ་ཏུ་དྭངས་ལ་ལྷག་པར་འགྲོ།།
འདི་ཡི་རབ་ཏུ་དྭངས་པ་ལ།།སྡུག་བསྔལ་ཐམས་ཅད་འཇོམས་འགྱུར་ཏེ།།དྭངས་པའི་སེམས་དང་ལྡན་པ་ཡིས།།མྱུར་དུ་བློ་ནི་ཡོངས་བརྟན་འགྱུར།།
སྦྱོར་བ་མེད་ལ་བློ་གྲོས་མེད།།སྦྱོར་བ་མེད་ལ་བསྒོམ་པ་མེད།།བསྒོམ་པ་མེད་ལ་ཞི་བ་མེད།།ཞི་བ་མེད་དེ་ཇི་ལྟར་བདེ།།
གང་ཞིག་ཡིད་ཀྱི་དབང་བོ་རྣམས།།གཡེང་བའི་ཕྱི་བཞིན་འབྲང་བྱེད་པ།།ཆུ་ནང་གྲུ་ལ་རླུང་གིས་བཞིན།།དེ་ཡི་ཤེས་རབ་འཕྲོག་པར་བྱེད།།
དཔའ་བོ་ཆེན་པོ་དེ་ཡི་ཕྱིར།།འདི་ཡི་དབང་རྣམས་དབང་དོན་ལས།།ཐམས་ཅད་དུ་ནི་ངེས་འཛིན་པ།།དེ་ཡི་ཤེས་རབ་རབ་ཏུ་བརྟན།།
སྐྱེ་བོ་ཀུན་གྱི་མཚན་མོ་མང་།།ཡང་དག་སྡོམ་ལྡན་དེ་རུ་སད།།གང་དུ་སྐྱེས་བོ་སད་པ་དེ།།ཐུབ་པས་དེ་ནི་མཚན་མོར་གཟིགས།།
ཇི་ལྟར་གཡོ་མེད་རབ་བརྟན་གང་བའི་མཚོར།།ཆུ་རྣམས་རབ་ཏུ་འཇུག་པ་དེ་བཞིན་དུ།།གང་ལ་འདོད་པ་ཐམས་ཅད་ཞུགས་པ་དེས། །ཞི་བ་སྙེད་ཀྱི་འདོད་པ་འདོད་པས་མིན།།
སྐྱེས་བུ་གང་ཞིག་འདོད་པ་ཀུན། །བོར་ནས་ཞེན་པ་མེད་པར་རྒྱུ།།བདག་ཏུ་མི་བྱེད་བདག་གིར་མིན། །དེ་ནི་མཆོག་ཏུ་ཞི་བར་འགྲོ།།
འདི་ནི་ཚངས་པའི་གནས་པ་སྟེ།།སྲིད་སྒྲུབ་འདི་ཐོབ་རྨོངས་མི་འགྱུར།།དུས་ཀྱི་མཐར་ཡང་འདིར་གནས་ན།།ཚངས་པའི་མྱ་ངན་འདས་པ་འཐོབ།།
ཅེས་པ་གྲངས་ཅན་གྱི་རྣལ་འབྱོར་ཅེས་བྱ་བ་སྟེ། ལེའུ་གཉིས་པའོ།། །།
Subscribe to:
Posts (Atom)