༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག

 ༼ཨ་ཤོ་ཀའི་མདོ།༽ འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་དཀོན་མཆོག་བསྟན་འཛིན་འཕྲིན་ལས་ལྷུན་གྲུབ་ཀྱིས་བསྒྱུར།།


གཅན བཟོད་རྒྱམ། 



༼ཨ་ཤོ་ཀའི་མདོ་༽  ཞེས་པའི་དེབ་འདི་༧འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་རྒྱའི་ཡིག་ཚང་ནས་ཕྱུངས་ཏེ་བོད་བསྒྱུར་མཛད་པའི་ནང་བསྟན་ཆོས་ཀྱི་བསྟན་བཅོས་ཤིག་ཡིན་ཞིང་། བམ་པོ་བཅུ་དང་བམ་པོ་བདུན་པ་ནས་བཅུ་པའི་བར་དུ་བམ་པོ་རེར་ནང་གསེས་མདོ་ཕྲན་ནམ་སྡེ་ཚན་ཆུང་བ་མང་ཞིང་། བམ་པོ་བདུན་པར་ནང་གསེས་བཞི་དང་། བམ་པོ་བརྒྱད་པར་ནང་གསེས་གཉིས། དགུ་པར་ནང་གསེས་བཅུ་གཉིས། བཅུ་པར་ནང་གསེས་བཅུ་བདུན་དང་། མཇུག་ཏུ་ཟུར་བཀོད་རྨ་བྱ་རྒྱལ་རྒྱུད་ཀྱི་རྒྱལ་པོའི་ལོ་ཚིགས་བཅས་ཁྱོན་ཤོག་ངོས་༣༦༣ ཙམ་འདུག 


མདོ་འདིའི་མ་དཔེ་ནི་རྒྱ་ཡིག་ཡིན་པ་དང་བོད་འགྱུར་གྱི་དེབ་འདིའི་ནང་དུའང་རྒྱ་ཡིག་བོད་ཡིག་གཉིས་ཤན་སྦྱར་གྱི་ཚུལ་དུ་ཤོག་ངོས་རྒྱབ་མདུན་བྱས་ཏེ་བཀོད་འདུག་ཅིང་ཚིག་དོན་ཟབ་ཅིང་བསྡུས་ཆེ་ནའང་ཀློག་བདེ་ཞིང་གོ་སླ་བ་ཞིག་འདུག

མདོ་འདི་བོད་སྒྱུར་ནི་ལོ་མང་གོང་ནས་གནང་ཞིང་མདོ་འདིའི་ཚན་པའམ་དུམ་བུ་རེ་བོད་འགྱུར་གནང་བ་སྲོང་བཙན་ཚངས་དབྱངས་དུས་དེབ་འདོན་ཐེངས་པར་བཀོད་འདུག་པ་གཤམ་གྱི་ལེའུ་སོ་སོའི་ངོ་སྤྲོད་སྐབས་ཞབས་མཆན་དུ་བཀོད་ཡོད།


དྷརྨ་ཨ་ཤོ་ཀའམ་ཆོས་རྒྱལ་མྱ་ངན་མེད་ཞུ་བ་ནི་ས་སྟེང་འདིིར་ཤེས་རིག་ཅུང་ལྡན་པའི་མི་ཞིག་ཡིན་ཚེ་མི་ཤེས་མཁན་མེད་ཅིང་། ཁོང་ཤེས་པར་ཡང་རྒྱུ་མཚན་གཉིས་ཏེ། གཅིག་ནི་ཁོང་ཧ་ཅང་གཏུམ་གཅོད་ཆེ་ཞིང་མི་བསད་ཁྲག་སྦྱོར་ཡ་ང་བ་བྱེད་མཁན་ཞིག་ཡིན་པ་དང་། གཞན་ཞིག་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་ནང་པའི་བསྟན་པ་རིན་པོ་ཆེ་ས་སྟེང་དུ་ཁྱབ་ཅིང་དར་བར་གནང་བས་ཡིན། 


ཁོང་ནི་ཡེ་ཤུ་འདས་ལོའི་གོང་གི་ལོ་༣༠༤ ནས་༢༣༢ བར་ཙམ་གྱི་མི་ཡིན་ཞིང་། གཞོན་དུས་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་ཀ་ལིང་ཀ་ཞེས་པར་དྲག་པོས་དཔུང་དྲངས་ཏེ་མི་སྲོག་གྲངས་མེད་འཕྲོག་ཅིང་། ཡུལ་བཅོམ་རྒྱུ་འཕྲོག་བརྗོད་ལས་འདས་པ་བྱས་པས་ཁོང་ལ་བདུད་རྒྱལ་མྱ་ངན་མེད་ཅེས་གྲགས། 

ཁོང་གིས་ཡུལ་ཀ་ལིང་ཀའི་མི་མངས་པོ་བསད་ཅིང་རྒྱལ་ཁམས་གནུབས་རྗེས་སེམས་མི་སྐྱིད་པ་དང་ཡིད་མི་བདེ་བ་ཆེན་པོ་བྱུང་རྐྱེན། དེའི་དུས་ན་སངས་རྒྱས་ཀྱི་རྗེས་འཇུག་དགེ་སློང་རྒྱ་མཚོ་ཞུ་བ་ཞིག་ཡོད་པ་དེའི་ཞི་དུལ་དང་ཆོས་ཀྱི་བསླབ་བྱས་ཁོང་གི་བློ་ཁ་ཆོས་ལ་བསྒྱུར་ཅིང་། སྔོན་ཀྱི་བྱས་ཉེས་འདགས་ཐབས་སུ་ཆོས་ཀྱི་བསླབ་བྱར་སྦྱང་བརྩོན་དང་འབྲེལ་ནས་ཉམས་ལེན་བྱས་ཤིང་། རིམ་པས་འཛམ་གླིང་གི་ཡུལ་ཕྱོགས་གང་སར་ཆོས་ཀྱི་ཕོ་ཉ་བཏང་སྟེ་ནང་བསྟན་དར་སྤེལ་དང་། ནང་བསྟན་དར་སྤེལ་གནང་བའི་ཡུལ་དག་ཏུ་ཀུན་སྤྱོད་བཟང་པོའི་མི་ཆོས་ཀྱི་བརྗོད་དོན་མཚོན་པའི་རྡོ་ཡི་ཀ་བ་བསླངས་ཤིང་བྲག་ལ་ཡི་གེ་བརྐོས། ཆོས་དང་མཐུན་པའི་ཡུལ་ཁྲིམས་སྣ་ཚོགས་བཅོས། ཆུ་དཀོན་སར་ཡུ་ཆུ་དྲངས། མཆོད་རྟེན་བྱེ་བ་གསར་དུ་གཞེངས། ཆོས་སྤེལ་བའི་དགེ་སློང་དང་ཕོ་ཉ་བརྒྱུད་ཆོས་ཀྱི་དཔེ་ཆ་སྣ་ཚོགས་ཕྱོགས་མཚམས་ཀུན་ཏུ་དྲངས་ཏེ་ཡུལ་སོ་སོར་དར་ཞིང་རྒྱས་པར་བྱས། ཆོས་ཕྱོགས་ཀྱི་ཕྱག་ལས་རྒྱ་ཆེར་གནང་སྟེ་ས་སྟེང་གི་རྒྱན་དུ་གྱུར་བ་གནང་། 


ཡུལ་ཀ་ལིང་ཀར་དམག་དྲངས་ཏེ་སྡུག་ལས་འཚབ་ཆེན་བྱས་པའི་སྐོར་ཅུང་ཟད་ཅིག་བདག་གི་གྲོགས་པོ་སྐུ་ཞབས་བློ་བཟང་དཔལ་ལྡན་ལགས་ཀྱིས་དེ་སྔོན་བླ་མཁར་ཞེས་པའི་དྲ་ཚོམས་སུ་གཏམ་བཤད་གནང་བ་དེར་གསལ་ཞིང་། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོོན་པ་གྲགས་ཅན་བྱ་རོག་ཁའན་གྱིས་འཁྲབ་པའི་གློག་བརྙན་ཨ་ཤོ་ཀ་ཞེས་པའང་ཡུལ་ཀ་ལིང་ཀར་དམག་དྲངས་པའི་ལོ་རྒྱུས་བརྗོད་བྱར་བྱས་པ་དང་ཕྱིས་སུ་ཆོས་ལ་ཕྱོགས་པའི་སྐོར་ཡིན། 


རྒྱལ་པོ་མྱ་ངན་མེད་འདི་བློ་ཁ་ཆོས་ལ་ཕྱོགས་པའི་ཐད་ནས་བཤད་ཚུལ་གཉིས་འདུག་སྟེ། གཅིག་ནི་མདོ་འདིའི་བོད་འགྱུར་གྱི་གླེང་བརྗོད་ནས་མདོ་ཚིགས་རྣམས་སུ་གསལ་ཞིང་། དེ་ཡང་ཐོག་མར་ནང་པའི་དགེ་སློང་རྒྱ་མཚོ་ཞུ་བར་བརྟེན་ནས་སེམས་འགྱུར་བ་དང་། དེ་ནས་སྟོན་པའི་གཏད་རབས་བཞི་པ་འཕགས་པ་ཉེར་སྦས་བསྟེན་ནས་ཆོས་ཀྱི་བསླབ་བྱ་མང་དུ་སྦྱངས་པ། འདིར་ངོ་སྤྲོད་བྱ་རྒྱུའི་མདོ་འདི་ལས་ཀྱང་ཁོང་གི་བློ་ཁ་ཆོས་ལ་ཕྱོགས་པ་སྟོན་པ་བཅོམ་ལྡན་འདས་ཀྱི་གཏད་རབས་བཞི་བ་འཕགས་པ་ཉེར་སྦས་སམ་དགྲ་བཅོམ་པ་ཉེར་སྦས་ཀྱིས་ཆོས་བསྟན་པ་དང་། སྟོན་པ་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡུལ་གཙོ་བོ་ངོ་སྤྲོད་གནང་བ་བཅས་ཀྱིས། རྒྱལ་པོ་མྱ་ངན་མེད་ཀྱིས་གནས་ཆེན་ཁག་དེ་དག་ཏུ་རྡོ་ཡི་ཀ་བ་བསླངས། ཡུལ་ཕྱོགས་གང་སར་ཆོས་ཀྱི་ཕོ་ཉ་མངགས་ཏེ་ནང་བསྟན་དར་རྒྱས་ཀྱི་ཕྱག་ལས་རྒྱ་ཆེར་མཛད་པ་སོགས་ཆོས་རྒྱལ་མྱ་ངན་མེད་དང་འབྲེལ་བའི་ལོ་རྒྱུས་དང་། མཛད་རྗེས་མཐར་མཐོར་མང་པོ་བོད་ཀྱི་ཡིག་ཚང་དུ་མང་ཞིང་། སྤྱིར་ “ རྒྱལ་པོ་ཨ་ཤོ་ཀའི་རྟོགས་བརྗོད་ཆ་ཚང་བ་ཞིག་དེང་བར་བསྒྱུར་མེད་ཅིང་། མཁས་དབང་ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་ནང་། ༼ས་དབང་བཟང་པོས་བྱས་པའི་གཏམ་རྒྱུད་ཀྱི་ཡི་གེའི་ནང་། འདིའི་ལོ་རྒྱུས་གོ་རིམ་སྒྲིགས་པ་ཙམ་སྣང་ལ། ཞེས་དང་། ༼གསེར་ཕུལ་ཕུལ་བའི་གཏམ་རྒྱུད་ཅི་རིགས་པ་དཔག་བསམ་འཁྲི་ཤིང་ན་ཡང་ཡོད་དོ།༽ གསུངས། ཆོས་རྒྱལ་མྱ་ངན་མེད་ཀྱི་རྟོགས་བརྗོད་ལ། ཁྱོན་བམ་པོ་བདུན་ཡོད་པའི་བམ་པོ་གཉིས་པར། ༼མྱ་ངན་མེད་བཏུལ་བའི་རྟགས་བརྗོད་དང་། བམ་པོ་གསུམ་པ་ཀུ་ན་ལའི་རྟོགས་བརྗོད་༽གཉིས་བོད་དུ་བསྒྱུར། གསུངས་པ་ལྟར། མྱ་ངན་མེད་ཀྱི་རྟོགས་བརྗོད་ཆ་ཚང་དེང་བར་བོད་ཡིག་ནང་བསྒྱུར་ཐུབ་མེད།༽ ” ཅེས་འབྲི་གུང་སྐྱབས་མགོན་གྱི་མདོ་འདིའི་སྔོན་གླེང་དུ་གསལ་བ་ལྟར་ན། དེ་སྔོན་མྱ་ངན་མེད་ཀྱི་སྐོར་བོད་ཡིག་ནང་ཡོད་པ་རྣམས་ནི་ཆ་ཚང་བ་མིན་པ་དང་། རེ་གཉིས་ཙམ་ཡིན་པ་གོང་གི་ཏཱ་ར་ན་ཐའི་ལུང་འདི་ལས་ཤེས་ཐུབ། མྱ་ངན་མེད་ཀྱི་ཆོས་དར་སྤེལ་སྐབས་སུ་བཞེངས་པའི་རྡོ་རིངས་ཡི་གེ་རྣམས་ལས་རེ་ཟུང་མ་གཏོགས་རཀ་ར་རིན་པོ་ཆེས་བོད་བསྒྱུར་གནང་འདུག་ཅིང་། དེར་ཡང་ནང་བསྟན་དར་སྤེལ་དང་འབྲེལ་བའི་ཡུལ་སོ་སོ་དང་། ནང་དོན་ཆོས་དང་ཡུལ་ཁྲིམས་གཙོར་བསྟན་གྱི་བརྗོད་བྱ་ཅན་ཡིན་འདུག མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དུའང་ཨ་ཤོ་ཀའི་རྡོ་ཡིག་རེ་གཉིས་འགྱུར་ཡོད། 

གཞན་ཡང་ཨཱ་ཙརྱ་ཐུབ་བསྟན་བྱམས་པས་བསྒྱུར་པའི་[ཆོས་རྒྱལ་མྱ་ངན་མེད་ཀྱི་ལོ་རྒྱུས་]ཉུང་བསྡུས་༡༩༩༡ ལོར་བོད་ཀྱི་དཔེ་མཛོད་ཁང་ནས་བཏོན་ཡོད་པ་དེ་ནི་མྱ་ངན་མེད་ཀྱི་ལོ་རྒྱུས་ཡིན་ཅིང་། མཁྱེན་བརྩེའི་དབང་པོའི་གསུང་འབུམ་པོད་གསུམ་པར་མྱ་ངན་མེད་ཀྱི་ལོ་རྒྱུས་རོབ་ཙམ་འདུག 

ད་རེ་༧འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་རྒྱའི་ཡིག་ཚང་དུ་ཡོད་པའི་མྱ་ངན་མེད་ཀྱི་མདོ་ཆ་ཚང་བ་བོད་བསྒྱུར་གནང་བར་སྙིང་དབུས་ནས་རིན་པོ་ཆེར་བཀའ་དྲིན་ཆེ་ཞུ།


སྟོན་པའི་གཏད་རབས་བཞི་པ་འཕགས་པ་ཉེར་སྦས་ནི་སློབ་མ་འདུལ་སྦྱོང་ལ་མཆོག་ཏུ་གྱུར་པ་ཞིག་ཡིན་ཚུལ་མདོ་འདིའི་བོད་འགྱུར་གླེང་གཞིར་གསལ་ཞིང་། དེ་ལྟར་ན། ཆོས་རྒྱལ་མྱ་ངན་མེད་དེ་ཡང་སློབ་མ་འདུལ་སྦྱོང་ལ་མཆོག་ཏུ་མཁས་པའི་འཕགས་པ་ཉེར་སྦས་ཀྱི་ཐབས་མཁས་ཐུགས་རྗེས་བཏུལ་པ་ཡིན་འདུག། 


མདོ་འདིའི་བོད་འགྱུར་དུ་བམ་པོའི་མཚན་བྱང་རྣམས་ཀྱི་མཇུག་ཏུ་༼རྟེན་འབྲེལ་༽ཞེས་པའི་ཚིག་འདི་བཀོད་པ་དང་། དེ་ཡང་ “ ནང་དོན་གྱི་ཆ་ནས་རྟེན་འབྲེལ་གནད་ལ་དབང་སྒྱུར་ཡོད་པའི་ཁྱད་ཆོས་དང་།”  སྔོན་སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཆེན་ཁག་ཏུ་ཕེབས་ནས་འཕགས་པ་ཉེར་སྦས་ཀྱིས་མྱ་ངན་མེད་ལ་སངས་རྒྱས་ཀྱི་རྣམ་ཐར་དང་འབྲེལ་ནས་གནས་བཤད་དང་སངས་རྒྱས་ཀྱི་ཆོས་ཅི་གསུང་བསྟན་ཏེ་ཆོས་བསྟན། དེ་ལྟར་མྱ་ངན་མེད་དེ་ཆོས་ལ་བཀོད་པའི་ཚུལ་འཕགས་པ་ཉེར་སྦས་ཀྱིས་གསུང་ཡིན་ཞིང་། དེ་ལྟར་ན་གསུང་འདི་ལ་མདོ་ཞེས་པའི་མཚན་གྱིས་བསྙད་པ་དང་། གཞན་དུ་ནའང་ཨ་ཤོ་ཀའི་རྟོགས་བརྗོད་བམ་པོ་བདུན་པ་སོགས་མཚན་བྱང་ཡང་ཡོད་འདུག་པ་བཅས་མདོར་བསྡུས་སུའོ།།



མདོ་འདིའི་ལོ་ཙཱ་བ་གླེང་བ།


མདོ་འདི་ནི་༧འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་དཀོན་མཆོག་འཕྲིན་ལས་ལྷུན་གྲུབ་མཆོག་གིས་ཙི་ནའི་ཡིག་ཚང་ལས་བོད་གངས་ཅན་པའི་སྐད་དུ་ཕབ་སྒྱུར་གནང་བ་ཞིག་ཡིན། ལོ་ཙཱ་བ་ཁོང་ནི་བོད་གངས་ཅན་པའི་ཆོས་བརྒྱུད་ཆེན་པོ་བཞིའི་ཡ་གྱལ་༧དཔལ་བཀའ་བརྒྱུད་པའི་ཆོས་བརྒྱུད་ལས་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོག་ཤིང་འབྲི་གུང་ཆེ་ཚང་རིན་པོ་ཆེ་ཡིན་ཞིང་། དམ་པ་ཁོང་ནི་ཡབ་ཚ་རོང་བདུད་འདུལ་རྣམ་རྒྱལ་དང་ཡུམ་རགས་ཁ་ཤག་གི་སྲས་མོ་དབྱངས་ཅན་སྒྲོལ་དཀར་གཉིས་ཀྱིས་སྲས་སུ་བོད་ཀྱི་རྒྱལ་ས་ལྷ་སར་ཚ་རོང་གཟིམ་ཤག་ཏུ་སྤྱི་ལོ་༡༩༤༦ ལོར་སྐུ་འཁྲུངས་ཤིང་། དགུང་ལོ་གསུམ་པར་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཕྱག་རྟགས་དགོངས་དོན་བཞིན་༧སྐྱབས་མགོན་ཆེ་ཚང་ཞི་བའི་བློ་གྲོས་ཀྱི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གསོལ་རས་གནང་། ༡༩༥༡ ལོར་༧་གོང་ས་༧ སྐྱབས་མགོན་ཆེན་པོས་དྲུང་ནས་གཙུག་ཕུད་ཕུལ། ༡༩༥༩ ལོར་རྒྱའི་དོ་དམ་བཀག་ཉེར་འོག་༡༩༦༠ ལོར་སློབ་ཆུང་གཉིས་པར་བཞུགས། ༡༩༦༦ ལོར་རིག་གསར་ཚུགས། སློབ་མཚམས་བཞག་སྟེ་ངལ་རྩོལ་ལ་བཅུག ས་ཞིང་འདེབས་པ་དང་མེ་ཤིང་སྒྲུབ་པ། གསང་སྤྱོད་ལུད་འདོན་སོགས་དཀའ་སྡུག་ཚད་མེད་ལ་བཀོལ། དགུང་གྲངས་ཉེར་དགུ་བ་༡༩༧༥ ལོར་ཆུ་ཤུར་ཆུས་སུ་ལས་བགོས་བྱས། ཟླ་རེར་གླ་ཕོགས་སྒོར་ཉེར་བརྒྱད་ལས་མེད། དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་ནའད་ཐུགས་སུ་དཔལ་རྒྱལ་བ་འབྲི་གུང་བའི་བསྟན་པ་སླར་གསོའི་ཐུགས་སྟོབས་འཁུངས་ཏེ་རྒྱ་གར་དུ་བྲོས་བྱོལ་གནང་རྒྱུའི་ཐུགས་ཐག་བཅད། ༡༩༧༥ ལོའི་ཟླ་༤ པའི་ཚེས་༢༨ ཉིན་ལྷ་ས་ནས་ཐོན། དིང་རི་དང་ཁམ་བུ་གངས་ལ་ཞེས་པར་འབྱོར་སྐབས་མི་གཞན་གཉིས་འགྲོ་བ་དང་མཉམས་ཕེབས་དང་། དེ་ནས་སྐུ་རྐྱང་དུ་ཕེབས་ཏེ་བདུན་གཅིག་ཙམ་ནས་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་ཞེས་སྐད་ཆ་འདྲི་བཞིན་དུ་བལ་ཡུལ་ནང་འབྱོར། འདིའི་སྐོར་ཁོང་གི་མ་ཡུམ་གྱི་ཕྱག་དེབ་ཏུ་འདི་ལྟར་གསལ། སྐུ་ན་ཕྲ་བའི་དུས་བོད་ས་རྒྱས་བཙན་འཛིན་སྐབས་དབང་མེད་འཁྱམ་པོར་གྱུར་ཅིང་། ངལ་རྩོལ་ལས་ཀར་ཞུགས། མཐར་རྒྱ་གར་དུ་སྐྱབས་བཅོལ་གནང་ཞིང་། ཨ་རིར་ཁ་ཟ་ཁང་གི་ལས་ཀ་གནང་བ་སོགས་དཀའ་སྡུག་ཚད་མེད་ཚུལ་བཞེས་(ཚ་རོང་དབྱངས་ཅན་སྒྲོལ་དཀར། ༢༠༠༦)  ཤིང་མཐར་ཉག་ཕྲ་བའི་བོད་བསྟན་སྲིད་མི་རིགས་ཀྱི་ཞབས་འདེགས་གནང་སླད་དུ་ཕྱིར་རྒྱ་གར་དུ་ཕེབས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་འཛིན་པའི་གནས་གཞི་གསར་འཛུགས་ཀྱིས་སློབ་འབངས་བསྐྱངས་དང་སྐྱོང་མུས་དང་། འཛམ་གླིང་དུ་གྲགས་པ་འབར་པའི་ནང་བསྟན་ཤུལ་གནས་ཆེན་པོ་མཉན་ཡོལ་དུ་རྒྱལ་སྤྱིའི་ནང་བསྟན་སློབ་སྦྱོང་ལྟེ་གནས་ཁང་གསར་བཞེངས་གནང། བོད་ཕྱི་ནང་གཉིས་དང་འཛམ་གླིང་ཡུལ་གྲུ་ཁག ལྷག་པར་དུ་ཧི་མ་ཡ་ལའི་རི་རྒྱུད་ཀྱི་དད་ལྡན་མང་ཚོགས་ལ་ཐུགས་བརྩེ་བ་ཆེན་པོས་གཟིགས་སྐྱོང་གནངས་དང་གནང་མུས་དང་། ལ་དྭགས་ཀྱི་ཡུལ་གྲུ་མང་པོར་ཡུལ་མི་ལ་སྐུལ་མ་གནང་སྟེ། སྡོང་ཕྲུག་འདེབས་འཛུགས་ཀྱིས་མར་ཡུལ་སྔོ་ལྗང་ཅན་དུ་སྒྱུར་བའི་ཕྱག་ལས་ལོ་མང་གནང་། འཛམ་གླིང་རང་བཞིན་གྱི་ནང་བསྟན་པ་ཀུན་གྱིས་ཐུགས་འདོད་བཞིན་ལོ་ལྟར་མཉན་ཡོལ་གྱི་ཆོས་ཀྱི་དུས་སྟོན་ཚོགས་སྐབས་སུའང་ཆོས་ཀྱི་ཚིགས་སུ་བཅད་པའི་མདོའི་ཆོས་འཁོར་བསྐོར་གནང་བ་སོགས་ཐུགས་རྒྱ་ཆེན་པོའི་མཛད་པ་སྐྱོང་གནང་གིན་ཡོད། ཁོང་གི་མཛད་པ་གཞན་གྱི་ཆ་ཙམ་གླེང་ན། ༧འབྲི་གུང་སྐྱབས་མགོན་རིན་པོ་ཆེ་མཆོག་ནི་ནང་པའི་རྒྱལ་བསྟན་སྤྱི་དང་བྱེ་བྲག་འཛམ་གླིང་གི་དེང་རབས་གསར་པའི་རིག་གནས་སོགས་ལ་མཁྱེན་རྒྱ་རབ་ཏུ་ཡངས་ཤིང་། ཁྱད་པར་དུ་རང་རེའི་གངས་ཅན་བོད་ཀྱི་ཆོས་རིག་ལོ་རྒྱུས་སོགས་ལའང་མཁྱེན་པའི་རྒྱ་ཆེ་ཞིང་། ཐུགས་སྟོབས་ཆེ་བ་ཞིག་ཡིན་འདུག།

ཁོང་གིས་དེ་སྔོན་ཡང་༼བོད་བཙན་པོའི་རྒྱལ་རབས་༽ ཞེས་པ་ལོ་ངོ་ཆིག་སྟོང་སྔོན་གྱི་ཏུན་ཧོང་བྲག་ཕུག་ལས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་སྣ་ཚོགས་དང་། བོད་བཙན་པོ་རྒྱལ་བློན་ཀྱི་ལྡེབས་རིས། མདོ་སྨད་གཏེར་ལམ་ནས་རྙེད་པའི་བཙན་པོའི་སྐབས་ཀྱི་བང་སོ་ལས་བོད་བཙན་པོའི་སྐབས་ཀྱི་རི་མོ། བོད་ཀྱི་ས་ཁུལ་གང་ས་ནས་རྙེད་པའི་གནའ་བོའི་རྡོ་ཆས་དང་རྫ་ཆས་སོགས་ལ་ཐུགས་ཞིབ་གནང་སྟེ་གནའ་བོའི་བོད་མི་རིགས་ཀྱི་འཚོ་གནས་འགྲེལ་བརྗོད། བོད་བཙན་པོའི་སྐབས་ཀྱི་ཡིག་རྙིང་མང་པོ་ཕྱོགས་བསྡུས་ཀྱིས་བཙན་པོའི་སྐབས་ཀྱི་རྒྱལ་རབས་ཆ་ཚང་ལ་ཡིག་ཆས་གཙིགས་ཆེ་བ། དོན་གྱི་གནད་གཅུན་ལ་ཚིག་གི་དག་ཐོན་པ། སྡེབ་སྦྱོར་མཛེས་ལ་ནང་དོན་འདུས་ཆེ་བ། སྔ་ན་མེད་པའི་བཙན་པོའི་རྒྱལ་རབས་ཁ་ངོ་འཕྲོད་སླ་བ་ཞིག་རྩོམ་སྒྲིག་མཛད་པ་ནི་སྒང་བ་བོད་ཀྱི་ཤེས་རིག་ལ་དགའ་བ་དང་དུང་བ་སློབ་པ་དཔྱོད་པའི་སྐྱེས་བུ་རྣམས་ཀྱི་ཡིད་ཀྱི་གསོས་སུ་གནང་ཡོད་ཅིང་། ཀུན་གྱིས་དགའ་བསུ་དང་བསྔགས་བརྗོད་ཀྱི་མེ་ཏོག་འབུལ་བཞིན་ཡོད། ད་དུང་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་སྦྱོང་སྤྱོད་དར་སྤེལ་སླད་དུ་རྡེ་ར་རྡུན་དུ་སྲོང་བཙན་དཔེ་མཛོད་ཁང་ཆེན་མོ་གསར་འཛུགས་མཛད། 

ད་དུང་ཁོང་ནི་སྐད་རིགས་དང་ཡིག་རིགས་འདྲ་མིན་ལ་མཁས་ཤིང་ཁྱད་པར་དུ་སྐད་རིགས་སྣ་མང་ལ་མཁྱེན་པ་ཆེ། ད་རེ་ཡང་སྐྱེས་ཆེན་ཁོང་གིས་རྒྱའི་ཡིག་ཚངས་ན་བཞུགས་པའི་ཆོས་རྒྱལ་༼ ཨ་ཤོ་ཀའི་མདོ་༽ ཞེས་པའི་བསྟན་བཅོས་ཆེན་པོ་འདི་བོད་གངས་ཅན་གྱི་སྐད་དུ་བསྒྱུར་ཅིང་། དེ་ཡང་རྒྱའི་ཡི་གེ་དང་བོད་ཡིག་གཉིས་ཤོག་ངོས་ཉིན་སྲིབ་ཏུ་འཁོད་པ་དང་། ལྟ་བདེ་ལ་མ་ཡིག་དང་བསྡུར་སླ་བ། ཚིག་དོན་གང་ཐད་ནས་ཕུལ་དུ་བྱུང་བ་ཞིག་བྱུང་འདུག་པར་ཡིད་རབ་ཏུ་སྤྲོ་ཞིང་། འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ་ཁོང་ལ་སྐུ་དྲིན་ཤིན་ཏུ་ནས་ཆེ་ཞེས་ཞུ་འདོད། 


མདོ་འདིའི་བོད་བསྒྱུར་གྱི་ཁྱད་ཆོས་ཅུང་ཙམ་གླེང་བ།


སྤྱིར་གུས་པའི་ཆེད་སྦྱོང་རྩོམ་རིག་མིན་སྟབས། མདོ་འདིའི་རྩོམ་སྟངས་སོགས་ཀྱི་ཐད་ནས་ཅང་ཞུ་སྤོབས་ཆེར་མེད་ནའང་། ༧འབྲི་གུང་སྐྱབས་མགོན་རིན་པོ་ཆེ་(འདི་ནས་མར་ལོ་ཙཱ་བ་ཞེས་འབྲི་ཆོག་པ་ཞུ་) བོད་རང་གི་གནའ་བོའི་རྩོམ་སྟངས་ལྟར་སྒྱུར་ཡོད་ཅིང་། དེ་ཡང་བོད་ཀྱི་རྩོམ་རིག་གཞུང་ལུགས་འཆད་པའི་སྐབས་སུ་བོད་བཙན་པོའི་སྐབས་ཀྱི་རྩོམ་སྟངས་ཞེས་དབྱེ་སྲོལ་ཡོད་པ་དང་། དེ་ཡང་དབྱེ་བ་དེའི་ནང་དུ་བཙན་པོའི་སྐབས་ཀྱི་མགུར་རྩོམ་ལུང་དྲངས་ཏེ་མགུར་རྩོམ་གྱི་ཁྱད་ཆོས་དག་བརྗོད་གཞིར་བཤད་སྲོལ་ཡོད། དེས་ན་འདིར་ཡང་ལོ་ཙཱ་བས་བོད་བཙན་པོའི་སྐབས་ཀྱི་རྩོམ་སྟངས་སྤྱད་དེ་མདོ་འདི་བོད་སྒྱུར་གནང་ཡོད་འདུག་ཅིང་། བོད་འགྱུར་བཀའ་བསྟན་ལས་མདོ་རྒྱུད་ཀྱི་བསྟན་བཅས་གང་ནའང་འདི་ལྟར་བོད་བཙན་པོའི་སྐབས་ཀྱི་མགུར་རྩོམ་གྱི་རྩོམ་སྟངས་ལྟར་སྒྱུར་བ་ཧ་ལམ་མེད་སྙམ་ཞིང་གུས་པས་ད་བར་དུ་གཅིག་ཀྱང་མཇལ་མ་མྱོང་། ཡང་མ་མཐོང་ཕྱིར་ན་མེད་པ་མིན་པས་བོད་ཀྱི་ཡིག་ཚང་ནི་ཧ་ཅང་རྒྱ་ཆེ་ལ་གཏིང་ཟབ་པས་རེ་ཟུང་ཡོད་ཀྱང་སྲིད། 


གུས་པས་མདོ་འདི་ཐོག་མར་མཇལ་སྐབས་མདུན་ཤོག་གི་ཚོས་གཞི་དང་དེའི་སྟེང་གི་མཚན་བྱང་བོད་དབྱིན་རྒྱ་གསུམ་ཤན་སྦྱར། སྒྱུར་སྒྲིག་དང་ལོ་ཙཱ་བའི་མཚན་བྱང་། དེ་ནས་མདུན་ཤོག་ནང་མའི་ཡིག་ཆུང་། དཀར་ཆག གླེང་གཞི་དང་དེའི་འཕྲོར་ཤོག་ངོས་༡༣ པ་ནས་མདོ་འདིའི་བམ་པོ་དང་པོའི་དབུ་ཚུགས། བམ་པོ་དང་པོ་ནི་རྟེན་འབྲེལ་ལས་སྐྱེས་པའི་ལེའུ་དང་པོ་ཞེས་པ་ཡིན་ཞིང་། “སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལཎ་ཌ་ཀ་Kalandaka ཀུན་དགའ་ར་བ་ venuvana ན། སྔ་དྲོའི་དུས་ཀྱི་ཆ་ལ་ཤམ་ཐབས་དང་ཆོས་གོས་བགོས་ཤིང་ལྷུང་བཟེད་ཐོགས་ཏེ། དགེ་སློང་གི་དགེ་འདུན་གྱི་ཚོགས་དང་བཅས་པས་ཡོངས་སུ་བསྐོར་ནས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནང་བསོད་སྙོམས་སུ་གཤེགས་སོ།།”  ཞེས་སོགས་ནས་ཚིག་ལྷུག་དང་ཚིགས་བཅད་སྤེལ་མར་སྒྱུར་འདུག་ཅིང་། ཚིག་གནད་འགག་ཅན་ཚང་མར་ཞབས་མཆན་བཏབ་པ། ཚིག་སྦྱོར་བཟང་ལ་འདུས་ཆེ་བ། དོན་ཟབ་ཅིང་གོ་སླ་བ་དང་ཀློག་བདེ་བ། ཡིད་འགུག་གི་ནུས་པ་རབ་ཏུ་ལྡན་པ་སོགས་ནི་ལོ་ཙཱ་བའི་རྩོམ་གཤིས་སམ་རྩོམ་རྩལ་ཁོ་ན་ཡིན་པར་འདོད། 

གཞན་ཡང་ཆེས་དགའ་ས་ཞིག་ནི་ལོ་ཙཱ་བས་མདོ་འདིའི་ཚིགས་བཅད་རིང་ཐུང་རྣམས་སྒྱུར་བའི་སྐབས་སུ་མ་ཡིག་རྒྱའི་ཡིག་འབྲུ་ཉུང་ལ་ཚིག་རྐང་ཐུང་བ་ལྟར་གནའ་བོའི་བོད་བཙན་པའི་སྐབས་ཀྱི་མགུར་གྱི་རྩོམ་སྟངས་སྤྱད་དེ་སྒྱུར་ཡོད་ཅིང་། ཚིག་ཉོག་སྙུང་ཞིང་དོན་འདུས་པས་ཚིག་རྐང་ཐུང་བ་དང་། གནའ་བོའི་མགུར་རྩོམ་ལྟར་འདུག་པ་དེས་གོ་བདེ་བ་ཞིག་བཟོས་འདུག་སྙམ། བཙན་པོའི་སྐབས་ཀྱི་མགུར་རྩོམ་མང་ཆེ་བ་མིང་བརྡ་ཐ་སྙད་མང་པོ་ཞིག་གནའ་བོའི་མིང་བརྡ་རྙིང་པ་ཡིན་སྟབས་བརྡ་རྙིང་པ་སྟེ་དེང་སང་སྤྱོད་སྒོ་ཉུང་ཞིང་བེད་སྤྱོད་མ་བྱས་སྟབས། རང་བཞིན་གྱིས་དོན་མི་གོ་བར་གྱུར་ཡོད་པ་མ་གཏོགས། ཀློག་མཁན་སོ་སོར་བརྡ་རྙིང་དུ་གྱུར་མེད་པ་དག་ནི་བཙན་པོའི་སྐབས་ཀྱི་མགུར་རྩོམ་རྣམས་ཀྱང་གོང་ཞུས་ལྟར་གོ་སླ་ལ་འདུས་ཆེ་བ། ཚིག་གི་སྙིག་རོ་མེད་པའི་ཁྱད་ཆོས་ལྡན། རྩོམ་རིག་གི་མིང་བརྡ་ཐ་སྙད་ནི་ཚིག་གམ་སྐད་ཆའི་ཉིང་བཅུད་དེ་ཡིན་ཟེར་ན་གནའ་བོའི་མགུར་རྩོམ་ནི་དེའི་དཔེ་རུ་རུང་ཞིང་། མདོ་འདི་ཡང་དེའི་དཔེ་ཟླར་མི་འགྲན་རེ། 



མདོ་འདིའི་འགྱུར་དངོས་ལ་འཇུག་པ།


མདོ་འདིའི་བམ་པོ་དང་པོའི་མཚན་བྱང་ལ་༼ རྟེན་འབྲེལ་ལས་སྐྱེས་བའི་ལེའུ་དང་པོ།༽  ཞེས་འཁོད་ཅིང་། བམ་པོ་འདིའི་ཤོག་ངོས་གཉིས་པ་ནས་གནའ་བོའི་བོད་བཙན་པོའི་སྐབས་ཀྱི་མགུར་རྩོམ་ལྟར་དབུ་འཛུགས་གནང་འདུག་པ་ལས་དཔེ་མཚོན་ཚིག་བཅད་འགའ་རེ་ལུང་འདྲེན་བཞིན་མདོ་འདི་ངོ་སྤྲོད་ཅུང་ཙམ་ཞུ་ན་འདི་ལྟར། 



༡༽  བམ་པོ་དང་པོ།


བམ་པོ་དང་པོའི་ནང་དུ་གནའ་བོའི་རྩོམ་སྟངས་ཀྱི་དཔེ་དང་པོ། 


“ མཐའ་ཡས་ནི་ས་གཞི།

མཚོ་མོ་ནི་བཞིར་བརྟེན།།

རྒྱལ་པོའི་ནི་ཁབ་ཆེ།།

གཙུག་རི་ནི་བརྗིད་ཆགས།།

མི་མཆོག་ནི་ཞབས་འཆག།།

ས་རིམ་ནི་དྲུག་གཡོས།།

མཚོ་ཡི་ནི་གྲུ་ལ།།

རླུང་ཡོར་ནི་བསྐྱོད་འདྲ།” 


ཞེས་སྟོན་པ་བཅོམ་ལྡན་འདས་གང་ཉིད་རྒྱལ་པོའི་ཁབ་ཏུ་ཞབས་སོར་འཁོད་སྐབས་ཀྱི་རྣམ་པ་བརྗོད་དོན་དུ་བྱས་པ་ཡིན་ཞིང་། ཚིག་སྡེབ་ལེགས་ལ་གནའ་ཉམས་དོད་པ། ནང་དོན་འདུས་ཆེ་ལ་གོ་བདེ་བ་སོགས་ཚིག་རྐང་རེ་རེའི་དབར་དང་གསེབ་ཏུ་བོད་རང་གི་གནའ་བོའི་མིང་བརྡས་གསོན་ཉམས་མངོན་འདུག གོང་གི་ཚིགས་བཅད་འདི་ནི་མདོ་འདིའི་ནང་གི་གནའ་རབས་རྩོམ་སྟངས་ཅན་གྱི་ཚིགས་བཅད་དང་པོ་དེ་ཡིན་ཞིང་། ཚིགས་བཅད་འདི་མཇལ་སྐབས། མདོ་འདི་མི་མཐུད་ནས་མཇུག་བར་དུ་མཇལ་འདོད་ཀྱི་འདུན་པའི་རླབས་ཀྱི་ཟེགས་མ་མཁའ་རུ་འཕྱོ་ལ། བོད་རང་གི་གནའ་རབས་རྩོལ་སྟངས་འདི་ཡང་ཅི་ནས་སྦྱོང་དགོས་ཀྱི་འདུག་ཨང་སྙམ་པའི་ཚོར་བ་ཁད་ཀྱིས་སྐྱེས་འོང་། 


ཡང་། 

“ ཁྱོད་གཟུགས་ནི་མི་ལུས་གཅིག།།

མི་ལས་ནི་ལྷག་པའི་འཕྲུལ།།

དེ་དོན་ནི་ངས་མ་འཚལ།།

དེང་ཁྱོད་ནི་ཅི་ཕྱིར་ལྷག།།

རྒྱུ་མཚན་ནི་ཅི་ཡིན་བརྗོད།།

དོན་དེ་ནི་ཤེས་སུ་ཆུག།།

ང་ཡིས་ནི་དོན་ཤེས་ན།།

ཁྱོད་ཀྱི་ནི་རྗེས་སུ་འཇུག།།”  ཅེས་སོགས་ཡིད་དུ་འོང་ལ་གནའ་རྩོམ་ཀྱི་ཉམས་ཀྱིས་ཕྱུགས་འདུག་པས་མུ་མཐུད་ནས་མཇལ་འདོད་ཀྱི་འདུན་པ་འཕྱུར། 

བདག་གིས་ཀྱང་དེ་སྔོན་ནས་གནའ་རབས་བོད་བཙན་པའི་མགུར་གྱི་རྩོམ་སྟངས་ལྟར་ཚིགས་བཅད་རྩོམ་ཡིག་འགའ་རེ་བྲིས་མྱོང་ཡོད་པས། ད་རེས་མདོ་འདི་མཇལ་སྐབས་རང་གི་དེ་སྔོན་བྲིས་པ་དག་ཀྱང་དྲན་འོང་ཞིང་འབྱུང་འགྱུར་ཡང་རྩོམ་སྟངས་འདི་ལ་རྐང་ཚུགས་པ་ཞིག་ཅིས་ཀྱང་སྦྱོང་དགོས་འདུག་སྙམ་པའི་ཡིད་དམ་བཅས།

དེ་ལྟར་བམ་པོ་དང་པོའི་ནང་དུ་གནའ་རབས་མགུར་མའི་རྩོམ་སྟངས་ཅན་ཁག་དྲུག་འདུག་པ་མདོ་དངོས་ལས་མཇལ་འཚལ།

༢༽  བམ་པོ་གཉིས་པ།


བམ་པོ་གཉིས་པ་འདི་ནི་༼ ཉེར་སྦས་མཇལ་བའི་རྟེན་འབྲེལ་གྱི་ལེའུ་༽  ཞེས་པ་དེ་ཡིན་ཞིང་། ལེའུ་འདིར་གནའ་རབས་རྩོམ་སྟངས་ཚིགས་བཅད་ཁག་བཅོ་བརྒྱད་བཀོད་པའི་ཚིགས་བཅད་འགའ་དཔེར་དྲངས་ན། 



“ རྒྱན་ཆ་ནི་དོར།།

ཤིང་རྟར་ནི་ཞུགས།།

ཁ་ལོ་ནི་སློགས།།

ཁེར་རྐྱང་ནི་ཐོན།།

དབེན་པར་ནི་བསྟེན།།

སྒྲུབ་ལ་ནི་བརྩོན།། ”  


ཞེས་པའི་ཚན་པ་འདི་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་རྒྱལ་པོའི་ཕོ་བྲང་དང་ཞལ་གྱེས། རིན་པོ་ཆེའི་རྒྱན་རྣམས་དོར་ཅིང་ཤིང་རྟའི་ཁ་ལོ་བ་ཡང་ཕྱིར་སློག་སྟེ་དབེན་པར་སྒྲུབ་ལ་གཞོལ་བའི་ནང་དོན་ལྡན། 

ཡང་།

“ ཁོ་བོས་ནི་ཤཱ་རིའི་བུར།།

གུས་ཤིང་ནི་བཀུར་ཏེ་མཆོད།།

ཤེས་རབ་ནིས་ཉོན་མོངས་སྤངས།།

གླིང་འདིར་ནི་འོད་སྣང་གསལ།།” 

ལྟ་བུའོ།། ཞེས་ཚིགས་བཅད་འདིའི་དབུས་སུ་ “ ཤེས་རབ་ནིས་” ཞེས་ “ ནི་” ལ་བྱེད་སྒྲ་སྦྱར་དེ་ཚིག་རྐང་གཞན་དང་དོ་མཉམ་པར་སྦྱར་ཐུབ་པའི་ཁྱད་ཆོས་ལྡན་ཡོད། 

ཡང་།

“ རྫུ་འཕྲུལ་ནི་རྩེར་སོན་པས།།

སྐྱེ་ཤིའི་ནི་ཟུག་རྔུ་འབྱིན།།

མཽང་གལ་ནི་གྲགས་ཅན་ལ།།

ང་ཡིས་ནི་དེང་འདིར་བཏུད།།”  


ཅེས་སོགས་ནམ་རྒྱུན་ཤཱ་རིའི་བུ་དང་མཽ་འགའ་གྱི་བུ་སོགས་ནི་སྲོལ་རྒྱུན་ཚིགས་བཅད་དང་ཚིག་ལྷུག་དག་ན་ལས། འདི་ལྟའི་བཙན་པོའི་མགུར་རྩོམ་སྟངས་ལས་མཇལ་དུ་མེད་ན། མཚར་སྣང་ལྡན་པའི་ཚོར་བ་ཞིག་ཀྱང་སྦྱིན་འོང་།


༣༽  བམ་པོ་གསུམ་པ།


བམ་པོ་གསུམ་པ་ནི་༼བྱང་ཆུབ་ལྗོན་ཤིང་མཆོད་པའི་རྟེན་འབྲེལ་གྱི་ལེའུ་༽  ཡིན་ཞིང་། བམ་པོ་འདིར་ཡང་བཙན་པོའི་སྐབས་ཀྱི་རྩོམ་སྟངས་ལྟར་ཚིགས་བཅད་ཁག་བཅུ་གཅིག་ཙམ་འདུག་ཅིང་དཔེ་རེ་གཉིས་དྲངས་ན་འདི་ལྟར།


“ ཁོ་བོས་ནི་ལྗོན་ཤིང་མཐོང་།།

སངས་རྒྱས་ནི་མཇལ་འདྲ་སྙམ།།

ལྗོན་ཤིང་ནི་སྐམ་གྱུར་ན།།

ང་ཡི་ནི་ཚེ་སྲོག་བྲལ།།” 

ཞེས་བཙུན་མོ་སྐར་རྒྱལ་དང་འབྲེལ་བའི་སྒྲུང་གི་བྱུང་བ་དེ་ནང་དོན་དུ་བྱས་ཤིང་ཚིག་དོན་གཉིས་ཐད་ནས་ཧ་ཅང་ཡིད་འཕྲོག་པ་ཞིག་འདུག


“ དེང་བདག་ནི་དོན་ཆེན་འགྲུབ།།

ཚད་བཟུང་ནི་བྲལ་བས་སྐྱོང་།།

བྷཱ་ར་ནི་དྷྭ་ཛའི་མཚན།།

སྐྱེས་ཆེན་ནི་མཇལ་རྒྱུ་ཡོང་།།”  ཞེས་དང་ཡང་།


“ ལྷ་ཡུལ་ནི་དབྱར་གནས་གྲུབ།།

སངས་རྒྱས་ནི་མཁའ་ལས་བབས།།

དེ་དུས་ནི་འཁོར་ཚོགས་ནང་།།

ཁོ་བས་ནི་སངས་རྒྱས་མཇལ།།”  ཞེས་སྟོན་པ་བཅོམ་ལྡན་འདས་ལྷ་ཡུལ་ནས་བབས་པའི་ཚུལ་གསལ་བ་འདི་ནི་རང་རེས་ལྷ་བབས་དུས་ཆེན་ཞེས་སྲུང་བརྩི་བྱེད་བཞིན་པ་དེའི་ནང་དོན་བརྗོད་པ་ཡིན་ཞིང་། ཚིགས་བཅད་གཅིག་ལས་མེད་ཀྱང་ཚིག་གིས་བརྗོད་པའི་ནུས་པས་དོན་གྱི་རྣམ་པ་ཡིད་ལ་གསལ་ལྷང་ངེར་འཆར་འོང་བ་ཞིག་འདུག


“ དགྲ་བཅོམ་ནི་དྲུག་ཁྲིའི་ཚོགས།།

ང་ལ་ནི་བསྐོར་ནས་གནས།།

ང་དང་ནི་འདིར་ཚོགས་རྣམས།།

ཉོན་མོངས་ནི་དྲུང་ནས་ཕྱུང་།།” 


ཞེས་དང་ཡང་། 


“ སུ་ཞིག་ནི་རྒྱལ་པོ་ཡིས།།

མཛད་རྗེས་ནི་འགྲན་པར་འཕོད།།

རྒྱལ་སྲས་ནི་ཀུ་ན་ཡིས།།

རྒྱལ་པོར་ནི་འགྲན་པར་རེ།།” 


ཞེས་དང་ཡང་། 


“ ཕོ་བྲང་ནི་ཅི་ཡོད་རྒུ།།

རིན་ཆེན་ནི་རིགས་ཕུད་པས།།

ནང་མི་ནི་བློན་འཁོར་བཅས།།

དགེ་འདུན་ནི་ལྔ་སྡེར་འབུལ།།

དགེ་འདུན་ནི་ཚོགས་སྡེ་གང་།།

བསོད་ནམས་ནི་ཞིང་རབ་མཆོག།།

ང་དང་ནི་ཀུ་ཎཱ་ལ།།

ཚོགས་རྫོགས་ནི་ཕྱིར་དུ་འབུལ།།” 

ཞེས་སོགས་ཚིག་སྦྱོར་སྙན་ལ་དོན་འདུས་ཆེ་བ། གནའ་རྩོམ་གྱི་ཉམས་འགྱུར་གྱིས་བལྟམས་འདུག ད་དུང་བམ་པོ་གསུམ་པ་འདིའི་ནང་གི་སྡེ་ཚན་ཞིག་གི་དབུ་ཁྱུད་དུ་གནའ་བོའི་ཡིག་རྙིང་དག་ལ་གསལ་བ་ལྟར་དབུ་ཁྱུད་ཕྱེད་ཀ་ཅན་དེ་བཀོད་འདུག་པས། དངོས་གནས་འབྲི་གུང་སྐྱབས་མགོན་འདི་བ་ནི་བླ་མ་མཁྱེན་ཡོན་རབ་རྫོགས་དང་ཞེ་ས་མ་ཞུས་ན་དྲན་རིགས་རྒོད་པོའི་ཐུགས་གཤིས་ཅན་ཞིག་ཀྱང་ཅི་ལ་མིན་སྟེ། གང་ཐད་ནས་བོད་ཡབ་མེས་དག་གི་མཛད་པའི་ཆ་ཕྲ་མོ་ཙམ་ཡང་ཐོན་རེ་ལ་ཐུགས་རྩལ་བཏོན་གནང་འདུག་ཨང་། 

དཔེར་ན། དེབ་འདིིའི་ཤོག་ངོས་༡༡༡ པར། ༄། མྱ་ངན་སེལ་གྱི་རྟེན་འབྲེལ།  ཞེས་པའི་ཚན་པ་དེའི་དབུར་གནའ་བོའི་སྲོལ་འཛིན་ལྟར་དབུ་ཁྱུད་ཕྱེད་ཅན་འདི་བཀོད་འདུག


༤༽  བམ་པོ་བཞི་པ།


བམ་པོ་བཞི་པའི་མཚན་བྱང་དུ་༼ རྒྱལ་སྲས་ལྷ་བྱ་གོང་མོའི་རྟེན་འབྲེལ་གྱི་ལེའུ་བཞི་པ་༽  ཞེས་འཁོད་འདུག བམ་པོ་བཞི་པ་འདིར་གནའ་རབས་རྩོམ་སྟངས་ལྟར་བྱས་པ་ཁག་ཉེར་བཞི་ཙམ་འདུག་ཅིང་། གོང་གི་རྩོམ་སྟངས་ལས་ཚིག་རྐང་རིང་ཐུང་མི་འདྲ་ཞིང་། བོད་བཙན་པོའི་སྐབས་ཀྱི་མགུར་རྩོམ་དུ་ཚིག་རྐང་རིང་ཐུང་མི་འདྲ་བ་སྣ་ཚོགས་ཡོད་པ་ལྟར་མདོ་འདིའི་འགྱུར་གྱི་ཁྲོད་དུའང་དེ་མཚུངས་རྐང་པ་རིང་ཐུང་མི་འདྲ་བའི་རྩོམ་སྟངས་སླེབས་ཐུབ་པར་གནང་འདུག 

བམ་པོ་འདིའི་ཚིགས་བཅད་དང་པོར་ཚན་པ་གཉིས་འདུག་པ་དཔེར་དྲངས་ན། 


“ དེ་རིང་ནི་བདག།།              དགའ་སྤྲོ་ནི་ཆེ།།

རྨ་བྱའི་ནི་རུས།།                ཡོངས་སུ་ནི་འདུས།།

ཕོ་བྲང་ནི་ཆོས།                 གོང་མཐོར་ནི་འཕེལ།།” 


ཞེས་ཚིག་གི་རྐང་པ་ཐུང་ནའང་དོན་ཆ་ཚང་བར་ནང་དུ་འདུས་ཡོད་ཅིང་། ཚེག་དབར་བཞི་ཅན་ཡིན་འདུག་པ་དེང་སང་འདི་ལྟའི་ཚེག་དབར་ཅན་འབྲི་མཁན་ཧ་ཅང་ཉུང་། 


“ གངས་རི་ནི་ཁྲོད་དུ།།        ཨུད་པལ་ནི་བཞད་སར།།

ལྷ་བྱ་ནི་གོང་མོ།།           བག་ཕེབས་ནི་གནས་བཅའ།།

ལྷ་སྲས་དེའི་མིག་ནི།།       ལྷ་བྱ་དེའི་མིག་འདྲ།།” 

ཞེས་པ་ལྟ་བུ་ཚེག་དབར་ལྔ་ཅན་དུ་སྒྱུར་འདུག 


“ དེ་རིང་ནི་ང་འདི་རུ།།

གཏམ་འདི་ནི་རྣ་བར་ཐོས།།

ལར་ནས་ནི་རང་གི་བུ།།

བྲལ་བ་ནི་སྙིང་འབྲལ་འདྲ།།

དྲན་པའི་ནི་རྐྱེན་བྱས་པས།།

ལྷག་པར་ནི་བརྗིད་ཆགས་འགྱུར།།” 

འདིའི་བརྗོད་དོན་ནི་མྱ་ངན་མེད་ཀྱིས་སྐབས་སུ་ཡུལ་རྡོ་འཇོག་སྟེ་ཏག་ཤི་ལ་རྒྱལ་པོས་མྱ་ངན་མེད་ལ་ངོ་ལོག་པས་བཙུན་མོ་སྐར་རྒྱལ་སྲུང་མས་རྒྱལ་སྲས་མེད་པར་བྱ་འདུན་གྱིས་མྱ་ངན་མེད་རྡོ་འཇོག་ཏུ་འབྱོན་པར་རྩོམ་པའི་སྐབས། རྒྱལ་སྲས་འགྲོར་འཇུག་པའི་ཐབས་བྱས་ཤིང་། མྱ་ངན་མེད་ཀྱིས་སྲས་ལ་གདམས་པའི་ཚིག་དོན་ཡིན་འདུག 

ཡང་རྒྱལ་སྲས་ལྷ་བྱ་གཡུལ་དུ་ཆས་ཏེ་མིག་འབྲས་གཉིས་ཤོར་བ་དང་ཕྱིར་མིག་མེད་རྒྱལ་སྲས་མྱ་ངན་མེད་ཀྱི་པང་དུ་ལོག་སྐབས་ཡབ་སྲས་མཇལ་བའི་ནང་དོན་བརྗོད་བྱ་བཟུང་བ་ཡིན་ཞིང་། ཡང་འདི་ལྟར།


“ ཁྱོད་མིག་ནི་ལྟ་ན་སྡུག།།

དེ་རིང་ནི་གང་དུ་གནས།།

མིག་འབྲས་ནི་ཤོར་བའི་རྐྱེན།།

ཁྱོད་ཀྱིས་ནི་ང་ལ་སྨོས།།

དེང་འདིར་ནི་མིག་མེད་པས།།

མཁའ་ལ་ནི་ཟླ་མེད་འདྲ།།

ཆ་བྱད་ནི་འདི་འདྲའི་ཚུལ།།

སུ་ཡིས་ནི་བསྒྱུར་དུ་བཅུག།།

ཁྱོད་སྔོན་ནི་ཆ་བྱད་དེ།།

ལྷ་ཡི་ནི་དྲང་སྲོང་འདྲ།།

སྙིང་རྗེ་ནི་མེད་མཁན་སུས།།

ཁྱོད་ཀྱི་ནི་མིག་དེ་ཕྱུང།།

གླིང་འདིར་ནི་ཁྱོད་ཀྱི་དགྲ།།

སུ་ཡིས་ནི་འདི་ལྟར་བྱས།།

ང་ཡི་ནི་སེམས་ནད་དེ།།

རྩ་བ་ནི་ཁྱོད་འདིར་ཐུག།།

ཁྱོད་ལུས་ནི་ལྟ་ན་སྡུག།།

སུ་ཡིས་ནི་མེད་པར་བྱས།།

སྐྱོ་གདུང་ནི་མེ་ལྕེ་ཡིས།།

དེ་རིང་ནི་ང་ལུས་བསྲེགས།།

དཔེར་ན་ནི་ཐོག་བབས་ནས།།

སྡོང་རྒན་ནི་བརླགས་དང་མཚུངས།།

སྐྱོ་གདུང་ནི་འབྲུག་སྐད་དེས།།

ང་ཡི་ནི་སྙིང་འདི་གས།།

རྒྱུ་རྐྱེན་ནི་འདི་དང་དེ།།

ཁྱོད་ཀྱིས་ནི་མྱུར་དུ་སྨྲོས།།”  ཞེས་པ་འདིར་ཚིགས་བཅད་ཅུང་མང་ལ་དོན་འདུས་ཆེ་བ། ནང་དོན་ནི་གོང་ཞུས་ལྟར་རྒྱལ་སྲས་ལྷ་བྱ་རྡོ་འཇོག་ཏུ་སོང་ནས་གཡུལ་ངོར་མིག་འབྲས་གཉིས་ཤོར་བ་དང་ཕྱིར་ཡབ་མྱ་ངན་མེད་ཀྱི་པང་དུ་ལོག་སྐབས་མྱ་ངན་མེད་ཀྱིས་རང་གི་སྲས་ཀྱི་མིག་འབྲས་གཉིས་ཕྱུང་ཟིན་པ་དང་གདོང་ཁྲག་གིས་སྦགས་ཏེ་ངོ་མི་ཆོད་པའི་ཚད་ན་ཡོད་པ། མིག་འབྲས་གཉིས་ཕྱུང་ཟིན་པའི་ཉམ་ང་བའི་གནས་སྟངས་དེ་མཇལ་སྐབས་མྱ་ངན་མེད་ཀྱི་སེམས་ཚོར་སོགས་བཀོད་ཡོད་ཅིང་། གནའ་བོའི་རྩོམ་ཉམས་འདི་འདྲའི་ཚིག་དོན་གྱི་ཉམས་འགྱུར་ཅན་ནི་རང་རེ་སྦྱོང་དགོས་པ་ཞིག་ཅི་ལ་མིན། ད་དུང་སྐབས་འདིར་ཆོས་རྒྱལ་མྱ་ངན་མེད་ཀྱི་བཙུན་མོ་སྐར་རྒྱལ་སྲུང་མ་ཡིས་རྒྱལ་པོ་ཡབ་སྲས་ལ་བློ་ལོག་པ་སྐར་རྒྱལ་ལྟ་བུ་ཡོད་པ་ཤེས་ཐུབ་ཅིང་། བཙུན་མོ་དེས་རྒྱལ་པོར་ངན་སེམས་འཆང་བཞིན་སྲས་མེད་བརླག་བྱེད་འདོད་པའི་ཕོ་བྲང་ནང་གི་ནང་འཁྲུག་ཀྱང་བསྟན་ཡོད། མ་གཞི་སྲས་ལྷ་བྱ་ནི་སྒྱུ་རྩལ་ཐམས་ཅད་ལ་མཁས་ཤིང་བྱད་གཟུགས་ལེགས་པས་བཙུན་མོ་སྐར་རྒྱལ་སྲུང་མ་སྲས་ལ་ཆགས། སྲས་ཀྱིས་ཁས་མ་བླངས་པར་བརླག་འདོད་པའི་ལས་དེ་བརྩམས་པ་ཡིན་འདུག  

ལོ་ཙཱ་བས་མདོ་འདི་སྒྱུར་བཞིན་དུ་བོད་ཀྱི་གནའ་རབས་རྩོམ་སྟངས་ཀྱི་ཁྱད་ཆས་ཀྱང་མི་འདྲ་བ་མང་པོ་ཐུགས་སུ་འཁོར་ཡོང་བ་ཡིན་ནམ། ཚིག་གི་སྡེབ་དང་དོན་གྱི་གཅུན་སྟངས་རྣམས་ནི་སྔ་མ་སྔ་མའི་སྟེང་ཕྱི་མ་ཕྱི་མའི་ཁྱད་ཆས་མང་པོ་ཞིག་བསྣན་ཡོང་བ་ལྟ་བུའི་ཚོར་བའང་ངང་གིས་སྟེར། 







༥༽ བམ་པོ་ལྔ་པ། 


བམ་པོ་ལྔ་པའི་མཚན་བྱང་ལ་༼ འབིར་བ་ཕྱེད་ཚལ་བསོད་སྙོམས་གྱི་(ཀྱི་)རྟེན་འབྲེལ་གྱི་ལེའུ་ལྔ་པ་༽  ཞེས་འཁོད་འདུག

བམ་པོ་ལྔ་པ་འདི་ཚིག་དོན་ཅུང་ཉུང་ཞིང་གནའ་རྩོམ་ལུགས་ཁག་གསུམ་ལས་མི་འདུག བརྗོད་དོན་ཧ་ཅང་གལ་ཆེ་སྟེ། ཆོས་རྒྱལ་མྱ་ངན་མེད་ལ་དད་པ་བརྟན་པོ་ཐོབ་རྗེས་དགེ་སློང་རྣམས་ལ་བཀའ་འདྲི་ཞུས་དོན། སངས་རྒྱས་ཀྱི་འཁོར་གྱི་ནང་ནས་སྦྱིན་པ་གཏོང་ཆེ་ཤོས་དེ་སུ་བྱུང་ངམ་ཞེས་པར། སྦྱིན་གཏོང་ཚད་ཆེ་ཤོས་དེ་གནས་བརྟེན་ཁེར་གནས་ལགས་ཡིན་གསུངས་པར། ཅི་ཙམ་ཞེས་པར། གསེར་སྲང་ཁྲག་ཁྲིག་གཅིག་བཏང་ངོ་གསུངས། མྱ་ངན་མེད་ཀྱིས་གནས་བརྟན་ཁེར་གནས་ཀྱིས་གསེར་སྲང་ཁྲག་ཁྲིག་གཅིག་བཏང་ན་ཁོ་བོས་ཀྱང་དེ་ལྟར་གཏང་ངོ་བསམ་སྟེ། མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བཞེངས། སངས་རྒྱས་སྐུ་འཁྲུངས་ས་དང་། སངས་རྒྱས་ས། ཆོས་འཁོར་སྐོར་ས། སྐུ་མྱ་ངན་ལས་འདས་སའི་གནས་སོགས་སོ་སོར་གསེར་སྲང་འབུམ་ཕྲག་རེ་ཕུལ་ནས། དགེ་འདུན་སྡེ་བཞི་ལ་མཆོད་པ་ཆེན་པོ་ཡང་ཕུལ། ཉིན་གཅིག་དུས་གཅིག་ལ་དགེ་སློང་འབུམ་ཕྲག་གསུམ་འདུས་སར་དགྲ་བཅོམ་པ་ཁྲི་གཅིག་དང་། སློབ་གཉེར་པ་ཉི་ཁྲི། གཞན་ཡང་བརྩོན་འགྲུས་ཅན་ཕལ་བ་རྣམས་ལ་བསོད་སྙོམས་ཕུལ་བ་སོགས་ཁྱོན་གསེར་སྲང་དུང་ཕྱུར་དགུ་དང་ས་ཡ་དྲུག་དགེ་སློང་རྣམས་ལ་ཕུལ་བ་སོགས་ནང་དོན་རྒྱ་ཆེན་པོ་ལྡན། 


རྩོམ་སྟངས་ཀྱི་དཔེ་ཞིག་དྲངས་ན་འདི་ལྟར།


“ དེང་འདིར་ནི་ཡིད་སྐྱོ་ལྡང་།།

སྲོག་ནོར་ནི་ཆེད་དུ་མིན།།

དགེ་སྦྱོང་ནི་ཚོགས་འབྲེལ་རྐྱེན།།

རྒྱལ་དང་ནི་དེ་ཡི་སྲས།།

བསོད་ནམས་ནི་ཚོགས་ཆེན་བསགས།།

ཞལ་ཟས་ནི་སྣ་ཚོགས་ཀྱིས།།

རྟག་ཏུ་ནི་མཆོད་པར་བྱས།།

དེ་ཚོ་ནི་དེང་དྲན་དུས།།

མིག་ཆུ་ནི་དབང་མེད་ཤོར།།”  

ཞེས་ཆོས་རྒྱལ་མྱ་ངན་མེད་དེས་འདས་དོན་དྲན་ཞིང་ཡིད་གདུང་སྐྱེས་པའི་ཚུལ་སོགས་གསོན་ཉམས་ལྡན་པའི་ཚིག་དོན་གྱི་ཕྱུགས་འདུག 


༦༽  བམ་པོ་དྲུག་པ།


བམ་པོ་དྲུག་པ་ནི་ ༼རྒྱལ་བའི་འགོད་ཐོ་དགྲ་བཅོམ་པ་ཉེར་སྦས་ཀྱི་རྟེན་འབྲེལ་ཀྱི་ལེའུ་དྲུག་པ་༽ ཞེས་འཁོད་འདུག།

བམ་པོ་འདིར་སྤྱིར་ཚིགས་བཅད་ཁག་བཅོ་ལྔ་ཡོད་ཅིང་དེའི་གྲས་སུ་གནའ་རྩོམ་ལྟར་བྱས་པ་གཅིག་ཀྱང་མི་འདུག

བམ་པོ་འདིའི་ནང་དོན་ནི་སངས་རྒྱས་མྱ་ངན་ལས་འདའ་བར་ཞལ་ཕྱོགས་ཏེ་ཡུལ་བཅོམ་བརླག་ཏུ་ཕེབས། ཀུན་དགའ་བོར་ང་འདས་ལས་ལོ་བརྒྱ་ལོན་པའི་ཚེ་བཅོམ་བརླག་འདིར་གུཔྟ་ཞེས་པའི་མིང་ཅན་འབྱུང་ཞིང་། དེའི་བུའི་མིང་ལ་ཉེར་སྦས་ཞེས་བྱ་བ། མཚན་མ་མེད་པའི་སངས་རྒྱས་ཞེས་པ་འབྱུང་ཞིང་། བསྟན་འགྲོའི་དོན་རྒྱ་ཆེར་བྱེད་པ་སོགས་ནང་དོན་ཟབ་ལ་ཡིད་འཕྲོག་པ་མང་དུ་གསུངས་འདུག 


༧༽ བམ་པོ་བདུན་པ།


བམ་པོ་བདུན་པ་ནི་ ༼རྒྱལ་བའི་གཏད་རབས་ལྔ་ལ་བསྟན་པ་གཏད་པའི་རྟེན་འབྲེལ་གྱི་ལེའུུ་བདུན་པ་༽ ཞེས་འཁོད། 

བམ་པོ་འདིར་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པའི་ཚུལ་སྟོན་པའི་སྐབས་སུ་བསྟན་པ་འོད་སྲུང་ཆེན་པོར་གཏད། འོད་སྲུང་གིས་ཀུན་དགའ་བོར་གཏད། ཀུན་དགའ་བོས་ཉི་མ་གུང་བར་གཏད། ཉི་མ་གུང་བས་ཤ་ནའི་གོས་ཅན་ལ་གཏད། ཤ་ནའི་གོས་ཅན་གྱིས་ཉེར་སྦས་ལ་གཏད། ཉེར་སྦས་ཀྱིས་དྷི་ཏི་ཀ་ལ་བསྟན་པ་གཏད་པར་མཛད། 

སྟོན་པའི་གཏམ་རབས་ངོ་སྤྲོད་དང་འོད་སྲུང་ཆེན་པོ་དང་ཀུན་དགའ་བོ། ཉི་མ་གུང་བ་དང་ཤ་ནའི་གོས་ཅན་བཅས་བཞིས་བསྟན་པ་གཏད་པའི་སྐོར་ཚན་པ་བཞིར་དབྱེས་ཤིང་། འོད་སྲུང་གི་གཏད་རབས་ནང་གནའ་རབས་རྩོམ་སྟངས་ཅན་ཀྱི་ཚིགས་བཅད་ཁག་གཉིས་འདུག་པ་ལས་གཞན་མི་སྣང་། གཏད་རབས་བཞིའི་ཚན་པའི་དབུ་འཛུགས་སྐབས་གནའ་སྲོལ་ལྟར་དབུ་ཁྱུད་ཕྱེད་ཅན་བཀོད་འདུག 


འོད་སྲུང་གི་གཏད་རབས་སྐབས་ཀྱི་གནའ་རྩོམ་སྲོལ་གྱི་དཔེ་དྲངས་ན་འདི་ལྟར།


“ བདག་གི་ནི་སངས་རྒྱས།།

བྱམས་སྙིང་ནི་ཆེ་ལྡན།།

སངས་རྒྱས་ནི་རིང་བསྲེལ།།

ཁོ་བོས་ནི་དེ་མཆོད།།

བྱང་ཆུབ་ནི་རྟོགས་པ།།

རྒྱུད་ལ་ནི་རང་འབྱོར།།

བྱ་དཀའི་ནི་ལས་གྲུབ།།

མཐའ་མ་ནི་མཆོད་བྱེད།།” 


ཞེས་འོད་སྲུང་གིས་ཀུན་དགའ་བོར་བསྟན་པ་གཏད་པའི་སྐབས་ཀྱི་བྱུང་བ་བརྗོད་སྙིང་དུ་བྱས་ཡོད། 

ཡང་དཔེ་གཞན་ཞིག་ནི་འོད་སྲུང་ཆེན་པོ་སྐུ་མྱ་ངན་ལས་འདས་པའི་ཤུལ་དུ་སྐྱོ་གདུང་གིས་མནར་བའི་སྐོར་སོགས་བརྗོད་པ་འདི་ལྟར།


“ ངེད་ཚོ་ནི་གནས་འདིར།།

འོད་སྲུང་ནི་རང་བྲལ།།

སེམས་ལ་ནི་མྱ་ངན།།

བཟོད་གླགས་ནི་དང་བྲལ།།

བཀའ་བསྡུས་ནི་ཕུགས་སུ།།

སྡུག་བསྔལ་ནི་ཆོས་སྐྱེས།།

མང་གྷའི་ནི་མི་རྣམས།།

ཁེར་རྐྱང་ནི་དབུལ་གྱར།།

འཇིག་རྟེན་ནི་ཐམས་ཅད།།

སྐྱབས་གནས་ནི་དང་བྲལ།།

དེང་འདིར་ནི་འོད་སྲུང་།།

སངས་རྒྱས་ནི་གཉིས་པ།།

དེང་འདིར་ནི་གཤེགས་མཛད།།

དམ་ཆོས་ནི་སྟེང་ལོག།།

དམ་ཆོས་ནི་གྲུ་ཁྱོམ།།

དམ་ཆོས་ནི་སྡོང་འགྱེལ།།

དམ་ཆོས་ནི་རླབས་འཕྱུར།།

བདུད་རྒྱལ་ནི་དགའ་བྱེད།།

སྐྱོང་བའི་ནི་ཆོས་འཁྲུགས།།” 

ཞེས་འོད་སྲུང་ཆེན་པོ་འདས་རྗེས་ཀྱི་ཡིད་གདུང་གི་རྣམ་པ་མངོན་པའི་ཚིགས་བཅད་གནའ་རབས་རྩོམ་སྟངས་ལྟར་བྱས་པ་ཤིན་ཏུ་སྙན་འཇེབས་ཤིང་། དམིགས་བསལ་ “ དམ་ཆོས་ནི་སྟེང་ལོག།། དམ་ཆོས་ནི་གྲུ་ཁྱོམ།།

དམ་ཆོས་ནི་སྡོང་འགྱེལ།། དམ་ཆོས་ནི་རླབས་འཕྱུར།།” ཞེས་པའི་དུམ་ཚན་འདི་ནི་ཧ་ཅང་སྙན་འཇེབས་ལྡན་པ་ཞིག་འདུག


༨༽  བམ་པོ་བརྒྱད་པ།

བམ་པོ་བརྒྱད་པ་ནི་ ༼ སྟོན་པའི་གཏད་རབས་ལྔའི་རྟེན་འབྲེལ་ལས། ཉེར་སྦས་ཀྱི་རྟེན་འབྲེལ་༽ ཞེས་འཁོད།


བམ་པོ་འདིར་ཤ་ནའི་གོས་ཅན་གྱིས་རི་མཐོན་པོའི་སྟེང་དགོན་པ་བཞེངས་གྲུབ་རྗེས་སྤོས་ཚོང་དཔོན་གྱི་བུ་མིང་ལ་ཉེར་སྦས་ཞེས་པ་དེ་འཁྲུངས་ཡོད་དམ་སྙམ་དགོངས་པ་ན། སྟོན་པ་འདས་ནས་ལོ་བརྒྱ་ལོན་ཚེ་འབྱུང་བའི་ལུང་བསྟན་ཐུགས་ལ་ཤར། དེ་ནས་ཉེར་སྦས་འཁྲུངས་ཤིང་རྙེད་དེ་རྗེས་སུ་བཟུང་བ། བཅོམ་བརླག་གི་སྤོས་ཚོང་དཔོན་གྱི་སྤོས་ཚོང་རབ་ཏུ་འཕེལ་བ་སོགས་བརྗོད་དོན་གྱི་བྱུང་བའི་སྒྲུང་ཧ་ཅང་སྙན་ལ་ཆོས་དང་ལྡན་པ། བཅོམ་བརླག་གི་ཡུལ་སྤྱིའི་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་གནས་སོགས་ཞིབ་ཏུ་གསལ་བས་ཧ་ཅང་རིན་ཐང་ཆེ། བམ་པོ་འདིར་གནའ་བོའི་རྩོམ་སྟངས་ཅན་གྱི་འགྱུར་དུམ་བུ་བདུན་ལས་དུམ་བུ་གཉིས་པ་དེར་ཚིགས་བཅད་བཅུ་ལྷག་ཙམ་འདུག་ཅིང་། ཏུན་ཧོང་ཡིག་རྙིང་ནང་གི་མགུར་རྩོམ་ལྟར་ཚིག་སྣ་ཐུང་ཞིང་ཚེག་ཁྱིམ་ལྔ་ཅན་དང་། ཡང་ཚེག་ཁྱིམ་བཞི་ཅན་གཅིག་བཅས་ཚིག་སྦྱོར་དང་དོན་བསྡུས་པ་རྨད་དུ་བྱུང་བ་ཞིག་འདུག་སྙམ། 

རྩོམ་སྟངས་དཔེར་དྲངས་ན་འདི་ལྟར།


“ སྔ་དུས་ནི་གོས་རྩེ་གྲོས།།

སྣ་ཚོགས་ནི་ཟབ་དགུས་བརྒྱན།།

དེ་སོགས་ནི་འཆོར་རྒྱན་གྱིས།།

མཛེས་སྡུག་ནི་ལུས་དེར་བརྒྱན།།

གང་ཞིག་ནི་ཐར་འདོད་ན།།

འདོན་ཡོན་ནི་བསུན་འབྱིན་བྱེད།།

དེང་འདིར་ནི་ལྟར་བར་འགྲོ།།

མཆོར་རྒྱན་ནི་མཛེས་སྡུག་མིན།།

དེར་འདིར་ནི་དེ་ལྟར་འོས།།

མི་དྲེགས་ནི་མི་དགའ་བས།།

རང་མདོག་ནི་དེ་ལྟར་འགྲོ།།

མཐོང་བས་ནི་བསུན་སྣང་སྐྱེས།།” 

ཞེས་ཨུ་པ་གུཔྟ་དང་སྨད་ཚོང་གཡོག་མོར་སྦྱར་བའི་སྒྲུང་དང་། ཡང་།


“ ཁྱོད་དང་ནི་ཚངས་པ་དང་།།

ཉི་ཟླ་དག་བརྒྱ་བྱིན་སྐྱབས།།

མེ་ཆེན་ནི་རྒྱ་མཚོ་ཡིས།།

བསྲེགས་རུལ་ནི་དེ་མི་ནུས།།

ང་ཡི་ནི་རོ་ཐག་གིས།།

འཇིང་པར་ནི་དམ་དཀྲིས་འདི།།

རྫུ་འཕྲུལ་ནི་བཅིངས་པ་འདི།།

དགྲོལ་བར་ནི་མི་ནུས་སོ།།”  ཞེས་བདུད་སྡིག་ཅན་ལྷ་ཡུལ་དུ་སོང་སྟེ་བཅིངས་ཐག་འགྲོལ་ཐབས་ཞུས་ཀྱང་ཐབས་མ་རྙེད་པའི་སྐོར་གསུངས་པ་ལྟ་བུ། ཡང་། 


“ པད་མ་ཅག་ཐག་པས།།

གངས་རི་དག་བཅིངས་ཏེ།།

འདེགས་པར་ནི་མི་བྱེད།།

དཀའ་བ་ནི་ཅང་མིན།།” 

ཞེས་སོགས་དང་། 


ཡང་ཚེག་ཁྱིམ་བཞི་ཅན་ནི་འདི་ལྟར།

“ ཁ་བཅད་ཟིན་བཞིན།།

ཁོ་བོས་དེ་བྱེད།།

སངས་རྒྱས་གཟུགས་སྐུར།།

ཕྱག་དེ་མི་འོས།། 

འདི་དག་ཐམས་ཅད།།

ཤེས་རབ་བཀུར་ཆེད།།

གནས་བརྟན་གུས་ཚེ།།

ང་ནི་ལྟུང་འགྲོ།།” 


ཞེས་སོགས་འདོད་ཁམས་བདུད་ཀྱི་རྒྱལ་པོས་ཉེར་སྦས་ལ་གསོལ་བའི་ཚིག་འདི་ལྟ་བུ་བཙན་པོའི་སྐབས་ཀྱི་མགུར་མའི་རྩོམ་སྟངས་དང་། མེ་ལོང་མའི་ཚིགས་བཅད་རྩོམ་སྟངས་གཉིས་ཀས་སྤེལ་མ་དང་ཚིགས་ལྷུག་བཅས་ནང་དོན་ཟབ་ཅིང་ཚིག་སྦྱོར་ཕུན་སུམ་ཚོགས་ལ། བརྡ་གསར་རྙིང་གཉིས་ཀྱིས་བསྟན་དོན་མཉམ་དུ་བསྲེས་མར་བརྒྱན་ཡོད་པས། གནའ་དེང་ཟུང་འབྲེལ་གྱི་ཚུལ་མངོན་ཞིང་། ཀློག་སྤྲོ་བ་ཞིག་འདུག


༩༽  བམ་པོ་དགུ་པ།

བམ་པོ་དགུ་པ་ནི་ ༼ ཉེར་སྦས་ཀྱི་སློབ་མའི་རྟེན་འབྲེལ་གྱི་ལེའུ་བརྒྱད་པ། སྟག་ཕྲུག་གི་རྟེན་འབྲེལ། ༽ ཞེས་འཁོད་འདུག 

བམ་པོ་འདིར་ནང་གསེས་དུམ་བུ་རྟེན་འབྲེལ་བཅུ་གཉིས་འདུག་པ་དག་ནི། ༡ སྟག་ཕྲུག་གི་རྟེན་འབྲེལ། ༢ འོ་ཟས་རོ་བཅུད་ཀྱི་རྟེན་འབྲེལ། ༣ རྒྱ་གར་ལྷོ་ཕྱོགས་པའི་རྟེན་འབྲེལ། ༤ རྒྱ་གར་བྱང་ཕྱོགས་པའི་རྟེན་འབྲེལ། ༥ ཚོང་དཔོན་དབང་ཕྱུག་ཟུང་གི་རྟེན་འབྲེལ། ༦ བདག་ལྟའི་བྲམ་ཟེའི་རྟེན་འབྲེལ། ༧ གཉིད་ཀྱི་རྟེན་འབྲེལ། ༨ གཉེར་ལས་ཀྱི་རྟེན་འབྲེལ། ༩ ལག་རྩལ་གྱི་རྟེན་འབྲེལ། ༡༠ ཟ་འཐུང་གི་རྟེན་འབྲེལ། ༡༡ འདོད་ཆུང་ཆོག་ཤེས་ཀྱི་རྟེན་འབྲེལ། ༡༢ ཤ་ཟའི་རྟེན་འབྲེལ། བཅས་རྟེན་འབྲེལ་བཅུ་གཉིས་ཀྱིས་གྲུབ་ཅིང་། བམ་པོ་འདིར་གནའ་རབས་རྩོམ་སྟངས་ཀྱི་ཚིགས་བཅད་མི་འདུག མང་ཆེ་བ་ཚིག་ལྷུག་མར་སྤེལ་འདུག 


༡༠༽  བམ་པོ་བཅུ་པ།


བམ་པོ་བཅུ་པ་ནི་ ༼ ཉེར་སྦས་ཀྱི་སློབ་མའི་རྟེན་འབྲེལ་ལས། ཤིང་སྡོང་གི་རྟེན་འབྲེལ།༽ ཞེས་འཁོད་འདུག  

བམ་པོ་འདིར་ནང་གསེང་དུམ་བུ་རྟེན་འབྲེལ་བཅུ་བདུན་གྱིས་གྲུབ་ཅིང་། དུམ་བུ་རྣམས་ཀྱི་དབུར་དབུ་ཁྱུད་ཕྱེད་ཅན། ༡ ཤིང་སྡོང་གི་རྟེན་འབྲེལ། ༢ སེར་སྣའི་རྟེན་འབྲེལ། ༣ གདོན་འདྲེའི་རྟེན་འབྲེལ། ༤ སྲིན་བུས་ཟ་བའི་རྟེན་འབྲེལ། ༥ ཀེང་རུས་སྒོམ་པའི་རྟེན་འབྲེལ། ༦ འདོད་རྔམ་གྱི་རྟེན་འབྲེལ། ༧ མདའ་རྩེ་བརྡར་པའི་རྟེན་འབྲེལ། ༨ བརྩེ་སེམས་ཀྱི་རྟེན་འབྲེལ། ༩ ཆུ་ཀླུང་གི་རྟེན་འབྲེལ། ༡༠ རྟོགས་པའི་རྟེན་འབྲེལ། ༡༡ གླང་རྫིའི་རྟེན་འབྲེལ། ༡༢ སྤྲུལ་པའི་མིའི་རྟེན་འབྲེལ། ༡༣ མི་སྐྱིད་པའི་སྡོད་གནས་ཀྱི་རྟེན་འབྲེལ། ༡༤ འཁར་གསིལ་གྱི་རྟེན་འབྲེལ། ༡༥ དགེ་མཐོང་གི་རྟེན་འབྲེལ། ༡༦ དགོན་པར་མཚན་གནས་གནང་བའི་རྟེན་འབྲེལ། ༡༧ དྷི་ཏི་ཀའི་རྟེན་འབྲེལ། བཅས་བཅུ་བདུན་གྱིས་གྲུབ་ཅིང་། བམ་པོར་འདིར་སྤྱིར་ཚིགས་བཅད་ཉུང་ཞིང་མང་ཆེ་བ་ལྷུག་མར་སྤེལ་འདུག གནའ་རྩོམ་ལྟར་ཅན་དུམ་བུ་གཉིས་ཡོད་པ་ལས་དང་པོ་རྟོགས་པའི་རྟེན་འབྲེལ་གྱི་ཚན་པ་ལས། ཡུལ་བཅོམ་བརླག་ཏུ་ཁྱིམ་ཞིག་ཏུ་བྱིས་པ་ཞིག་ཡོད་པ་ཉེར་སྦས་ལས་རབ་ཏུ་བྱུང་། ནགས་སུ་སྒོམ་དུ་བཏང་། རབ་བྱུང་བས་དེ་སྔའི་ཆུང་མ་མཛེས་པ་དེ་ཡིད་ལ་དྲན། ཉེར་སྦས་ཀྱིས་དེ་མཁྱེན་ཏེ་ཆུང་མའི་གཟུགས་སུ་སྤྲུལ་ནས་རབ་བྱུང་དེའི་ཉེར་བར་བཅར། དེས་མཐོང་ནས་ཁྱོད་ཅི་ལ་འོང་དྲིས། ཁྱོད་ཀྱིས་འབོད་འགུག་བྱས་པས་འོང་བསྙད། ངས་ནི་སྒོམ་སྒྲུབ་པས་གཏམ་བགག་ལ་ཇི་ལྟར་འབོད་ཅེས་པར། ཁྱོད་ཀྱི་རྟོགས་པས་འབོད་འགུག་བྱས་སོགས་དང་།  ཡང་ཉེར་སྦས་ཀྱིས་རང་གཟུགས་མངོན་བཞིན་གསུངས་པའི་ཚིགས་ནི་འདི་ལྟར།

“ གལ་ཏེ་ནི་ཁྱོད་མི་སེམས།།

མཛེས་མ་འདི་ཅི་ཕྱིར་མཐོང་།།

གལ་ཏེ་ནི་བལྟ་མི་འདོད།།

དེ་ཁྱོད་ནི་སེམས་མི་བྱེད།།

གལ་ཏེ་ནི་ཆགས་བྲལ་འདོད།།

དགའ་གདུང་ནི་དེ་མི་འོས།།

དཔེར་ན་ནི་སྐྱུགས་པའི་ཟས།།

སླར་དེ་ནི་ཟ་མི་རུང་།།”  ཞེས་བསྟན། རྟེན་འབྲེལ་མཐའ་མ། མདོའི་མཇུག་གི་རྟེན་འབྲེལ་གྱི་མཇུག་ཏུ་འདི་ལྟར།


  ཉེར་སྦས་ཀྱི་རྟེན་འབྲེལ་མཇུག་རྫོགས་སོ། །

རྒྱལ་བསྟན་ནི་རྟགས་གནས།།

ཡུན་རིང་ནི་མི་ནུབ།།

རིང་བསྲེལ་ནི་གདུང་རྟེན།། 

དེ་ལྟར་ནི་གཏན་བཞུགས།།

བསྟན་འཛིན་ནི་སྐྱེས་བུ།།

དགའ་སྐྱིད་ནི་ཚད་འདས།།

བསྟན་པ་ནི་ཡུན་གནས།།

ཡང་དུ་ནི་མི་ནུབ།།” 

ཞེས་མདོ་འདིའི་མགོ་དབར་མཇུག་གསུམ་དུ་བཙན་པོའི་སྐབས་ཀྱི་གནའ་རྩོམ་གྱི་རྩོམ་སྟངས་བླངས་ཏེ་ཆོས་རྒྱལ་མྱ་ངན་མེད་ཀྱི་མདོ་འདི་ལེགས་པར་ཡོངས་སུ་གྲུབ་པར་བསྒྱུར་གནང་འདུག་པ་དང་། མདོ་འདིའི་རྒྱ་ཁྱོན་ནམ་ཚིགས་བཅད་དང་བམ་གྲངས་སོགས་ཀྱི་ཚད་ནི་འགྱུར་འདིའི་མཇུག་ཏུ་འདི་ལྟར་འཁོད་འདུག་སྟེ། 

“ ཞེས་ཆོས་རྒྱལ་མྱ་ངན་མེད་ཀྱི་རྟེན་འབྲེལ་ནས་བཟུང་སྟེ། ཉེར་སྦས་མྱ་ངན་ལས་མ་འདས་བའི(པའི་)བར་དུ། འདིར་སྙན་ངག་གི་ཚིགས་བཅད་ཁྱོན་སུམ་སྟོང་ཆིག་བརྒྱ་ཐམ་པ་དང་། སྙན་ངག་གི་དུམ་བུ་རེར་ཚིག་འབྲུ་སུམ་བཅུ་སོ་གཉིས། སློབ་མ་ཉི་ཤུ་རྩ་བརྒྱད་བཅས་བཞུགས་སོ།། ཨ་ཤོ་ཀའི་མདོ་ལས་བམ་པོ་བཅུ་པ་རྫོགས་སོ།། །།”  ཞེས་སྔར་མེད་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་མདོ་འདི་བཞིན་༧དཔལ་རྒྱལ་བ་འབྲི་གུང་བའི་ཆོས་བརྒྱུད་ཀྱི་བསྟན་པའི་བདག་པོ་༧འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་དཀོན་མཆོག་བསྟན་འཛིན་འཕྲིན་ལས་ལྷུན་གྲུབ་མཆོག་གིས་རྒྱ་ནག་གི་སྐད་ནས་རང་རེ་གངས་ཅན་པའི་བོད་སྐད་དུ་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབས་ཏེ་དེབ་གཟུགས་སུ་དཔར་བསྐྲུན་གནང་གྲུབ་ཅིང་འགྲེམ་སྤེལ་གནང་པར། ༧འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ལ་སྐུ་དྲིན་བླ་མེད་དུ་ཆེ་ཆེ་ཆེ་ཞུ་ཞིང་། མདོ་འདི་བོད་སྐད་དུ་བསྒྱུར་གནང་བའི་མཐུ་ལ་བརྟེན་ནས་མདོ་འདིའི་བསྟན་པ་རབ་རུ་དར་ཞིང་རྒྱས་པ་དང་། གངས་ཅན་འགྲོ་བའི་མགོན་སྐྱབས་དམ་པ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧གོང་ས་ལྷ་མིའི་རྣམ་འདྲེན་ཆེན་མོ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་སྐུ་ཚེ་ཞབས་པད་སྲིད་མཐའི་པར་དུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མ་ལུས་ལྷུན་གྱིས་འགྲུབ་པ་དང་། བོད་གངས་ཅན་གྱི་རིས་སུ་མ་ཆད་པའི་བསྟན་བདག་བླ་ཆེན་རྣམ་པ་དང་། གདན་ས་བཤད་སྒྲུབ་གྲྭའི་མཁན་པོ་དང་བླ་སྤྲུལ་དགེ་བཤེས་དགེ་འདུན་གྲྭ་བཙུན་འདུས་མང་། དད་ལྡན་མང་ཚོགས་སོགས་ཐུགས་མཐུན་དམ་ངང་གཙང་སྐུ་ཚེ་བརྟན་ཅིང་། བོད་གཞིས་བྱེས་མྱུར་དུ་མཉམ་འཛོམས་དང་། འཇིག་རྟེན་བདེ་ཞིང་འགྲོ་རྣམས་དགའ་བདེའི་དཔལ་ལ་ལོངས་སྤྱོད་པའི་རྒྱུར་གྱུར་ཅིང་། ཕྲན་གྱིས་མདོ་འདི་མཇལ་བའི་ཟིན་ཐོ་ཕྲན་བུ་བཏབ་པ་འདིས་ཀྱང་རང་རེ་བོད་ཡིག་ཀློག་མཁན་ཀུན་མདོ་འདི་མཇལ་བར་སྐུལ་ཅིང་དེའི་འཕྲིན་ལས་དང་དགེ་ཚོགས་ཅི་འབྱུང་རྒྱལ་བསྟན་དར་རྒྱས་དང་འགྲོ་བ་བདེ་ཞིང་འཛམ་གླིང་ཞི་བདེར་སྤྱོད་པར་སྨོན་ཏོ།། 





གུས་པ་སློབ་གཉེར་པ་གཅན བཟོད་རྒྱམ་པས་ཟླ་ཚེས་བཟང་པོར་གྲུབ་པར་བྱས།

༢༠༢༡།༡༡། ༢༥། 


མདོ་འདིའི་མཇལ་བྱང་དང་འབྲེལ་བའི་ཞབས་མཆན་རྣམས་གཤམ་གསལ་ལྟར།


1 མདོ་འདིའི་སྔོན་གླེང་དང་ལེའུ་འགའ་ཞིག་( སྲོང་བཙན་ཚངས་དབྱངས་) ཞེས་པའི་དུས་དེབ་རིམ་པར་འཁོད་འདུག མདོ་འདི་བོད་སྒྱུར་གྱི་གླེང་གཞི་གོང་གི་དུས་དེབ་འདོད་ཐེངས་བརྒྱད་འཁོད་འདུག 

2 མདོ་འདིའི་བོད་འགྱུར་དུམ་ཚན་བྱས་ཏེ་དུས་དེབ་ཏུ་འགོད་སྐབས་འབྲི་གུང་སྐྱབས་མགོན་གྱིས་མཁའ་དབྱིངས་རྡོ་རྗེ་ཞེས་པའི་མཚན་ཞིག་ཀྱང་བདེ་སྤྱོད་གནང་འདུག་ཅིང་། དུམ་ཚན་ལ་ལར་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ཅེས་མཚན་དངོས་བཀོད་གནང་འདུག འབྲི་གུང་སྐྱབས་མགོན་རིན་པོ་ཆེས་མཁའ་དབྱིངས་རྡོ་རྗེ་མཚན་བེད་སྤྱད་དེ་༼སྲོང་བཙན་སྒམ་པོའའི་རྣམ་ཐར་༽ དང་ ༼ སྲོང་བཙན་གྱི་མགུར་དང་མགར་གྱི་མགུར་ལན།༽ (ཏུན་ཧོང་བྲག་ཕུག་གི་ཡིག་རྙིང་།༽ ༼སྐད་ཡིག་རིག་པ།༽ ༼བྷ་ར་བྷ་དྷུར་གྱི་ནང་པའི་མཆོད་རྟེན་ཆེན་མོ།༽ ༼འབྲོག་པ། ༽ ༼དོན་གྲུབ་རྒྱལ་གྱི་ཏུན་ཧོང་གླུ་མཆིད་ཀྱི་འགྲེལ་བརྗོད་ལ་དཔྱད་ཞིབ་བྱས་པ། ༽ ཞེས་དཔྱད་རྩོམ་མང་པོ་(སྲོང་བཙན་ཚངས་དབྱངས་) འདོད་ཐེངས་རིམ་པར་བཀོད་འདུག་ཅིང་། མཁའ་དབྱིངས་རྡོ་རྗེ་ནི་འབྲི་གུང་སྐྱབས་མགོན་རིན་པོ་ཆེའི་མཚན་གཞན་ཞིག་ཡིན་པའང་ཤོར་འཕྲོས་སོ།། 

3 ཚ་རོང་དབྱངས་ཅན་སྒྲོལ་དཀར། ༄༅།།སྡེ་དཔོན་མི་དྲག་གི་སྲས་མོ་གཞོན་ནུ་མ་ཞིག་གིས་སྒེའུ་ཁུང་ནས་མཐོང་བའི་བོད་ཀྱི་རྒྱལ་ས་ལྷ་སའི་སྣང་ཚུལ་མདོར་བསྡུས། ཤོག་ངོས་༣༥༨ ནས་༣༧༦ པར་གསལ། 

4 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༡༣ པར་གསལ། 

5 སྲོང་བཙན་ཚངས་དབྱངས། འདོན་ཐེངས་བཞི་པ། རྒྱ་གར་གྱི་རྒྱལ་པོ་ཨ་ཤོ་ཀའི་མདོ། མཁའ་དབྱིངས་རྡོ་རྗེ། (རྒྱ་གར་གྱི་རྒྱལ་པོ་ཨ་ཤོ་ཀའི་མདོ། AŠOKÄVADANA (SÜTRA) ལེའུ་དང་པོ། རྒྱུ་རྐྱེན་ལས་སྐྱེས་པའི་བམ་པོ་དང་པོ།  ནས་༢༡ བར། ཞེས་འཁོད་འདུག་ཅིང་མངོ་ལེའུ་དང་པོ་ཆ་ཚང་བ་འདུག བམ་པོ་དང་པོ་དང་། ལེའུ་དང་པོ་ཞེས་མི་འདྲ་བ་ཅང་འདུག  བོད་འགྱུར་དེབ་གཟུགས་ཤོག་ངོས་༡༣ ནས་༤༩ བར་གསལ།  

6 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༡5 པར་གསལ། 

7 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༤༡ པར་གསལ། 

8 སྲོང་བཙན་ཚངས་དབྱངས། འདོན་ཐེངས་ལྔ་པ།  ཆོས་རྒྱལ་མྱ་ངན་མེད། འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག དུས་དེབ་དུ་(གནས་བརྟན་ཆེན་པོ་གུཔྟ་མཇལ་བའི་སྐོར་གྱི་བམ་པོ་གཉིས་པ།) ཤོག་ངོས་༡ ནས ༢༠ བར།  ཞེས་འཁོད་པ་དང་། བོད་འགྱུར་དེབ་ཏུ་(ཉེར་སྦས་མཇལ་བའི་རྟེན་གྱི་ལེའུ།) ཞེས་འཁོད། རྒྱལ་པོ་ཨ་ཤོཀའི་མདོ། ལེའུ་གཉིས་པ། ཆ་ཚང་བ་འདུག བོད་འགྱུར་དེབ་གཟུགས་དང་ཅུང་མི་འདྲ། བོད་འགྱུར་དེབ་གཟུགས་ཤོག་ངོས་༥༡ ནས་༨༩ བར་གསལ།

9 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༧༡ པར་གསལ། 

10 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༨༡ པར་གསལ། 

11 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༨༣ པར་གསལ། 

12 སྲོང་བཙན་ཚངས་དབྱངས། འདོན་ཐེངས་དྲུག་པ། རྒྱ་གར་གྱི་རྒྱལ་པོ་ཨ་ཤོ་ཀའི་མདོ། འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག ( རྒྱ་གར་གྱི་རྒྱལ་པོ་ཨ་ཤོ་ཀའི་མདོ།(འདོན་ཐེངས་སྔ་མའི་འཕྲོས།)ལེའུ་གསུམ་པ། བྱང་ཆུབ་ལྗོན་ཤིང་ལ་མཆོད་པའི་རྟེན་འབྲེལ་གྱི་སྐོར་བམ་པོ་གསུམ་པ། ( ནས་༡༡ བར། ཞེས་འཁོད་འདུག ལེའུ་འདི་ལ་དུམ་ཚན་གཉིས་ཡོད་པ་ལས་སྔ་མ་(བྱང་ཆུབ་ལྗོན་ཤིང་ལ་མཆོད་པའི་རྟེན་འབྲེལ་གྱི་སྐོར་བམ་པོ་གསུམ་པ།) ཞེས་པ་དེ་བཀོད་འདུག བོད་འགྱུར་དེབ་གཟུགས་ཤོག་ངོས་༩༡ ནས་༡༠༩ བར་གསལ།

13 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༩༣ པར་གསལ། 

14 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༩༧ པར་གསལ། 

15 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༡༠༡ པར་གསལ། 

16 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༡༠༥ པར་གསལ། 

17 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༡༠༥ པར་གསལ། 

18 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༡༠༧ པར་གསལ། 

19 སྲོང་བཙན་ཚངས་དབྱངས། འདོན་ཐེངས་བདུན་པ། རྒྱ་གར་གྱི་རྒྱལ་པོ་ཨ་ཤོ་ཀའི་མདོ། འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག (རྒྱ་གར་གྱི་རྒྱལ་པོ་ཨ་ཤོ་ཀའི་མདོ།(འདོན་ཐེངས་སྔ་མའི་འཕྲོས།) ལེའུ་བཞི་པ། (མྱ་ངན་སེལ་གྱི་རྟེན་འབྲེལ་གྱི་སྐོར་བམ་པོ་བཞི་པ།) ཤོག་ངོས་༡༡༡ ནས་༡༡༣ བར། ཞེས་འཁོད་པ་དང་། དེབ་གཟུགས་ནང་དུ་བམ་པོ་གསུམ་པའི་ནང་གསེས་(མྱ་ངན་སེལ་གྱི་རྟེན་འབྲེལ། ) ཞེས་པ་དེ་ཡིན་འདུག དེབ་གཟུགས་བོད་འགྱུར་ལས་ཚན་པ་འདི་ལེའུ་གསུམ་པར་དུམ་ཚན་གཉིས་ཡོད་པའི་ཕྱི་མར་བཞག་འདུག བོད་འགྱུར་དེབ་གཟུགས་ཤོག་ངོས་༡༡༡ ནས་༡༣༣ བར་གསལ།

20 སྲོང་བཙན་ཚངས་དབྱངས། འདོན་ཐེངས་བརྒྱད་པ། ཆོས་རྒྱལ་མྱ་ངན་མེད་ཀྱི་བསྒྱུར་ཡིག་འགོ་བརྗོད། འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག  ལེའུ་སྔ་མའི་འཕྲོས། (རྒྱལ་སྲས་ལྷ་བྱའི་རྟེན་འབྲེལ་གྱི་བམ་པོ་བཞི་པ།) ཤོག་ངོས་ ནས་༢༢ བར། ཞེས་ལེའུ་བཞི་པ་ཆ་ཚང་འདུག བོད་འགྱུར་དེབ་གཟུགས་ནང་དུའང་ལེའུ་བཞི་པ་ཆ་ཚང་ཡིན་ནའང་དུས་དེབ་དང་འགྱུར་དེབ་ནང་འཁོད་པ་གཉིས་ཅུང་མི་འདྲ་འདུག བོད་འགྱུར་དེབ་གཟུགས་ཤོག་ངོས་༡༣༥ ནས་༡༧༢ བར་གསལ།

21 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༡༣༥ པར་གསལ། 

22 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༡༣༧ པར་གསལ། 

23 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༡༣ པར་གསལ། འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༡༤༡ པར་གསལ། 

24 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༡༦༣ པར་གསལ། 

25 ཇོ་ནང་ཏ་རཱ་ན་ཐ། (དམ་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། ) ཞེས་པའི་ཤོག་ངོས་༨༡ ནས་མར་ཁྲོད་དུ་བཙུན་མོ་སྐར་རྒྱལ་བསྲུངས་མ་ཞེས་པས་ཆོས་རྒྱལ་མྱ་ངན་མེད་ཡབ་སྲས་བརླག་པར་བརྩམས་པའི་བྱུང་བ་མང་དུ་འཁོད་འདུག དེ་ཡང་རྒྱལ་སྲས་དེ་བྱད་གཟུགས་ཤུན་ཏུ་ལེགས་ལ་སྒྱུ་རྩལ་ཐམས་ཅད་ལ་བྱང་བ། མིག་འབྲས་གཉིས་ནི་རི་གངས་ཅན་ལ་གནས་པའི་བྱ་ཀུ་ན་ལའི་མིག་དང་འདྲ་བ་ཡོད་པས་དྲང་སྲོང་ཞིག་གིས་མཚན་དེ་ལྟར་བཏགས་སྐད། མྱ་ངན་མེད་ན་ཚ་དྲག་པོས་མནར་སྐབས་ཞགས་བདུན་པ་རྒྱལ་སྲིད་བཙུན་མོར་གཡར་པ་དང་། སྐབས་དེར་སྲས་ཀྱི་མིག་ཕྱུང་བའི་བཀའ་ཕབས་པ་སོགས་རྙོག་འཛིངས་ཅན་གྱི་བྱུང་པ་བཤད་སྟངས་གཞན་ཞིག་ཀྱང་འདུག་པ་སོགས་དཔེ་དེར་གཟིགས། ཏཱ་ར་ནཱ་ཏའི་གསུང་ཞེས་པའི་ཤོག་ངོས་༨༡ ནས་གསལ། 

26 སྲོང་བཙན་ཚངས་དབྱངས། འདོན་ཐེངས་བཅུ་པ། རྒྱལ་པོ་ཨ་ཤོ་ཀའི་མདོ། ལེའུ་ལྔ་པ། འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག ནས་༡༠ བར། ལེའུ་ལྔ་པ། ཆ་ཚང་། ཡིན་ནའང་ལེའུ་འདིའི་མཚན་བྱང་དུས་དེབ་ནང་འཁོད་མི་འདུག བོད་འགྱུར་མར་མཚན་བྱང་( འབིར་བ་ཕྱེད་ཚལ་བསོད་སྙོམས་གྱི་(ཀྱི་)རྟེན་འབྲེལ་གྱི་ལེའུ་ལྔ་པ། ) ཞེས་འཁོད་འདུག བོད་འགྱུར་དེབ་གཟུགས་ཤོག་ངོས་༡༧༣ ནས་༡༨༧ བར་གསལ། དུས་དེབ་འདོད་ཐེངས་བཅིུག་པར་མདོ་འདིའི་བོད་འགྱུར་འཁོད་མི་འདུག འདོན་ཐེངས་བཅིུས་པའི་དཀར་ཆག་དུ་(རྒྱལ་པོ་ཨ་ཤོ་ཀའི་མདོ། མཁའ་དབྱིངས་རྡོ་རྗེ། ཤོག་ངོས་༡ ནས་༡༧ ) ཞེས་འཁོད་འདུག་མོད། དུས་དེབ་མ་རེག་པས་ལེའུ་གང་ཡིན་མ་ངེས། 

27 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༡༧༥ པར་གསལ། 

28 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༢༢༣ པར་གསལ། 

29 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༢༢༩ པར་གསལ། 

30 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༢༦༥ པར་གསལ། 

31 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༢༧༧ པར་གསལ། 

32 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༢༧༧ པར་གསལ། 

33 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༢༨༥ པར་གསལ། 

34 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༣༤༧ པར་གསལ། 

35 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༢༦༣ པར་གསལ། 

36 འབྲི་གུང་སྐྱབས་མགོན་འཕིན་ལས་ལྷུན་གྲུབ། བོད་བསྒྱུར། ཨ་ཤོ་ཀའི་མདོ། ཐའེ་ཝན། ཐའེ་པེ། ༢༠༢༡། ཤོག་ངོས་༢༦༣ པར་གསལ། 

37 ཞོར་འཕྲོས་བཀའ་དྲིན་ཞུ་ཡུལ་གཅིག་ནི། ངོ་དེབ་དྲ་ལམ་ནས་འབྲེལ་བ་ཞུས་ཏེ་མདོ་འདིའི་དཔེ་དེབ་སྲོང་བཙན་དཔེ་མཛོད་ཁང་ནས་ཝཱ་ཎར་བསྐུར་གནང་མཁན་རྒན་Namgyal NG Gyalpo (རྣམ་རྒྱལ་དོན་གྲུབ་)ལགས་ཀྱིས་དགའ་ཞིང་སྤྲོ་བའི་ངང་ནས་མདོ་འདི་མྱུར་མགྱོགས་སྦྲགས་ཟམ་བརྒྱུད་བསྐུར་འབྱོར་བྱུང་མ་ཟད། སྲོང་བཙན་དཔེ་མཛོད་ཁང་ལས་སྲོང་བཙན་ཚངས་དབྱངས་དུས་དེབ་༡༢ ཀྱི་དཀར་ཆག་མཁོ་སྤྲོད་བར་སྙིང་ཐག་པ་ནས་སྐུ་དྲིན་ཆེ་ཞུ་ཞིང་། ཁྱེད་ཀྱིས་ལྷག་བསམ་བཟང་པོས་རོགས་ཏན་གནང་མེད་ཚེ་གུས་པས་མདོ་འདི་མཇལ་བ་དང་མཇལ་བྱང་འདི་ཡང་འབྲི་ཐུབ་མེད་པས་ཁྱེད་ཀྱིས་རོགས་པ་གནང་བར་བཀའ་དྲིན་ཤིན་ཏུ་ནས་ཆེ་ཞུ། 

གུས་པས་སློབ་སྦྱོང་གི་ཞོར་ནས་མདོ་འདིའི་མཇལ་བྱང་འདི་འདྲ་ཞིག་འབྲི་ཁུལ་ཙམ་བྱས་མོད། ཕྲན་ལ་ཤེས་སྦྱོང་དམན་པས་མ་རྟོགས་ལོག་བཤད་དང་། མེད་པ་འོལ་ཚོད་ཀྱིས་ནོངས་པ་ཅི་མཆིས་འཐོལ་གཤེགས་འབུལ་ཞིང་། དགེ་ཚོགས་ཅི་འབྱུང་རྣམ་དཀར་དགེ་བའི་བོ་ངོར་བསྔོ་བར་བྱ། 

མཐར་བོད་ཡིག་ཀློག་མཁན་ཀུན་གྱིས་མདོ་འདི་མཇལ་བར་སྐུལ་མ་ཞུ་ཞིང་། དེ་བས་ཀྱང་མཇལ་བྱང་འདི་འབྲི་འདུན་གཙོ་བོ་ཡང་བོད་ཀྱི་བཙན་པོའི་སྐབས་ཀྱི་གནའ་རབས་མགུར་མའི་རྩོམ་སྟངས་འདི་ངོ་འཕྲོད་པ་དང་ཡང་ན་རྩོམ་སྟངས་འདི་ལ་སློབ་སྦྱོང་དང་འབྲི་སྤེལ་གནང་རྒྱུར་༧འབྲི་གུང་སྐྱབས་མགོན་མཆོག་གིས་ཀྱང་ཐུགས་རེ་ཆེན་པོ་གནང་འདུག་སྙམ་པ་ཁྱེད་ཀློག་མཁན་ཀུན་གྱིས་ཐུགས་ལ་འཛིན་པར་ཞུ། 

Comments

  1. བཀའ་དྲིན་ཆེ་ཞུ།

    ReplyDelete
    Replies
    1. ཕེབས་པར་དགའ་བསུ་ཞུ།

      Delete

Post a Comment

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།