༄༅།། དཔལ་ལེགས་ལྡན་ནག་པོའི་གླུ་ཞེས་བྱ་བ་བཞུགས་སོ།།
ལེའུ་བཅུ་གཉིས་པ། དད་པའི་རྣལ་འབྱོར།
སྲིད་སྒྲུབ་ཀྱིས་དྲིས་པ།
འདི་ལྟར་གང་ཞིག་རྟག་དད་པས།།ཁྱོད་ལ་ཡོངས་སུ་གུས་པ་དང་།།གང་གིས་མི་འགྱུར་མི་གསལ་ལ། །དེ་དག་སུ་ཞིག་རྣལ་འབྱོར་མཆོག།
དཔལ་ནག་པོས་རྗེས་སུ་བསྟན་པ།།
གང་ཞིག་ང་ལ་ཡིད་ཕབས་ཏེ།།རྟག་ཏུ་ང་ལ་བསྙེན་བཀུར་བྱེད།།དད་པ་མཆོག་གིས་ཉེར་བགྲོད་དེ།།སྦྱོར་བ་མཆོག་ཅེས་བདག་གིས་སེམས།།
གང་ཡང་མི་འགྱུར་མི་མཐོང་ཞིང་།།མི་གསལ་ཐམས་ཅད་ཀུན་ལ་ཁྱབ།།བསམ་དུ་མེད་ཅིང་གཡོ་བ་མེད།།བརྟན་པ་ཐེར་ཟུག་རྩེ་མོའི་གནས།།
དབང་པོའི་ཚོགས་ནི་ཡོངས་བསྡུས་ཏེ།།འབྱུང་པོ་ཀུན་ལ་ཕན་དགའ་བས།།ཀུན་མཉམ་བློ་ཡིས་གུས་བྱེད་པ།།དེ་རྣམས་ང་ཉིད་ཁོ་ན་རྙེད།།
མི་གསལ་བ་ལ་སེམས་ཆགས་པ། །དེ་དག་གི་ནི་ཉོན་མོངས་ལྷག།མི་གསལ་བ་ཡི་བགྲོད་པ་ནི།།ལུས་ཅན་རྣམས་ཀྱིས་ཐོབ་པར་དཀའ།།
གང་ཡང་ང་ལ་མཆོག་བྱས་ཏེ།།ལས་རྣམས་ཐམས་ཅད་རབ་སྤངས་ནས།།རྩེ་གཅིག་ཁོ་ནའི་རྣལ་འབྱོར་གྱིས།།ང་ཉིད་བསྒོམས་ཤིང་བསྙེན་བཀུར་བྱེད།།
ང་ལ་སེམས་ཕེབས་དེ་དག་ནི།།ང་ཡིས་རིང་པོ་མི་ཐོགས་པར།།འཆི་བ་འཁོར་བའི་རྒྱ་མཚོ་ལས།།ཡང་དག་འདྲེན་ནོ་པྲི་ཐའི་བུ།།
སེམས་ནི་ང་ལ་ཀུན་ཏུ་བཞག །རྟོགས་པ་ང་ལ་ངེས་པར་བཀོད།།ང་ཉིད་ཁོ་ནར་ངེས་གནས་པ།།དེ་ནས་ཕྱིན་ཆད་ཐེ་ཚོམ་མེད།།
གལ་ཏེ་ང་ལ་མཉམ་བཞག་པས། །སེམས་ནི་བརྟན་པར་མ་ནུས་ན།།དེ་ནས་རྩོལ་བཅས་རྣལ་འབྱོར་གྱིས།།འབྱོར་རྒྱལ་ང་ཉིད་ཐོབ་འདོད་གྱིས།།
རྩོལ་བཅས་ཡང་ནི་མ་འགྲུབ་ན། །བདག་སླད་ལས་ལ་མཆོག་ཏུ་གྱིས།།ང་ཡི་དོན་དུ་ལས་བྱས་ཀྱང་། །གྲུབ་པ་ཡོངས་སུ་བསྙེས་པར་འགྱུར།།
ཅི་སྟེ་དེ་ཡང་མ་ནུས་ན།།ང་ལ་སྐྱབས་སུ་བརྟེན་པར་གྱིས།།ལས་ཀྱི་འབྲས་བུ་ཀུན་བཏང་ནས།།བདག་ཉིད་ལྡན་པར་འབད་པ་མཛོད།།
རྩོལ་བཅས་ལས་ནི་ཡེ་ཤེས་ཏེ། །ཡེ་ཤེས་ལས་ཀྱང་ཏིང་འཛིན་མཆོག།དེ་ལས་ལས་འབྲས་སྤོང་པ་ལྷག།སྤངས་པས་མོད་ལ་ཞི་བ་ཐོབ།།
འབྱུང་བོ་ཀུན་ལ་ཁྲོ་མེད་ཅིང་།།བྱམས་དང་བརྩེ་བ་ཁོ་ནར་ལྡན།།བདག་དང་བདག་གིར་བྱེད་པ་མེད།།བདེ་དང་སྡུག་བསྔལ་མཉམ་པར་བཟོད།།
རྟག་ཏུ་ཆོག་ཤེས་རྣལ་འབྱོར་ཅན།།རང་དབང་ཐོབ་ཅིང་ངེས་པ་བརྟན།།ང་ལ་ཡིད་དང་བློ་གཏོད་པའི།།དད་ལྡན་དེ་ལ་བདག་ནི་དགའ།།
གང་ལས་འཇིག་རྟེན་མི་སྐྱོ་ཞིང་།།འཇིག་རྟེན་ལས་ཀྱང་གང་མི་སྐྱོ།།སྤྲོ་སྡང་སྐྱོ་བ་འཇིགས་ལས་གྲོལ། །གང་དེ་ལ་ཡང་ཁོ་བོ་དགའ།།
གང་ཞིག་ལྟོས་མེད་མཁས་ཤིང་དག།དབྱེ་བསལ་མེད་ཅིང་འཚེ་བ་བྲལ།།རྩོལ་བ་ཐམས་ཅད་ཡོངས་སྤངས་པ།།བདག་ལ་དད་དེར་ཁོ་བོ་དགའ།།
གང་ཞིག་མི་དགའ་མི་ཁྲོ་ཞིང་།།མྱ་ངན་མི་བྱེད་འདོད་མི་བྱེད།།དགེ་དང་མི་དགེ་ཡོངས་སུ་སྤངས། །དད་ལྡན་གང་དེར་ང་ནི་དགའ།།
དགྲ་དང་གྲོགས་ལ་མཉམ་པ་སྟེ། །དེ་བཞིན་གུས་དང་མི་གུས་ཀྱང་།།ཚ་གྲང་དང་ནི་བདེ་སྡུག་མཉམ།།འདུ་འཛི་དག་ནི་རྣམ་པར་སྤངས།།
བསྟོད་སྨད་མཉམ་ཞིང་སྨྲ་བ་བཅད།།ཅི་དང་གང་གིས་ཆོག་ཤེས་པ།།བློ་གྲོས་བརྟན་པོ་ཁྱིམ་སྤངས་པའི།།དད་ལྡན་མི་ལ་ང་ནི་དགའ།།
གང་ཡང་ཇི་སྐད་བསྟན་པ་ཡི། །འཆི་མེད་ཆོས་འདི་བསྙེན་བཀུར་བྱེད།།མོས་ཤིང་ང་ལ་མཆོག་བྱེད་པའི།།དད་ལྡན་དེ་ལ་བདག་རབ་དགའ།།
ཞེས་པ་དཔལ་ནག་པོའི་གླུ་ལས་དད་པའི་རྣལ་འབྱོར་ཞེས་བྱ་བ་སྟེ།
ལེའུ་བཅུ་གཉིས་པ་རྫོགས་སོ།། །
Comments
Post a Comment