རང་ཉིད་ལ་གདམས་པའི་མདོ།
རང་ཉིད་ལ་གདམས་པའི་མདོ།
ཉི་མ་སྤྲིན་གྱིས་བཀབ་པ་ཡིས།།
ང་ཡི་མགོ་བོ་གཡོགས་དང་མཚུངས།།
བྱ་བྱེའུ་གྲེ་བ་བསྲིངས་ནས་ནི།།
ཅིར་ཅིར་དབྱངས་ཀྱིས་ལྷིང་འཇགས་དཀྲོགས།།
ཞོགས་རླུང་བསིལ་བོས་ལུས་པོ་བཀྲུས།།
ཁོར་ཡུག་ཡངས་པོས་ཡིད་སྒོ་ཕྱེས།།
ཕྱི་དང་ནང་ན་གནས་རྣམས་ཀྱིས།།
ང་ཡི་སྙན་ཚིག་ལམ་སྣ་འདྲེན།།
ང་ནི་དབང་པོ་འཁྲུག་སམ་ཅི།།
ལ་ལར་སེམས་དག་གནས་སམ་ཅི།།
ཡིད་ཀྱི་དྭངས་མ་ལྷག་གམ་ཅི།།
ད་དུང་མགོ་བོ་རྨོངས་འདི་ཅི།།
སེམས་འདིས་ཅི་ཡང་མི་ཤེས་སམ།།
ལུས་འདིར་རང་དབང་མེད་འདི་ཅི།།
རང་འདོད་གསལ་བོ་མ་ཡིན་ནམ།།
ད་དུང་འཆང་མོ་ཉུག་དགོས་ཅི།།
ལས་དག་གསལ་བོར་གནས་གྱུར་ན།།
ལས་ལ་དཔག་པའི་ལས་བྱོས་ཤིག།
ལས་གང་མུན་པར་གནས་གྱུར་ན།།
ལས་བྱས་གཡང་ལ་ཟེགས་ཉེན་འགྱུར།།
ང་ནི་ཁྱོ་བོར་གྱུར་ཏམ་ཅི།།
ཆུང་མ་ག་ཤད་གནས་སམ་ཅི།།
ཁྱོ་ཤུག་མི་ལྡན་སེམས་འདི་ཡིས།།
ཁྱོད་ཉིད་ལ་ནི་རྟག་ཏུ་གཅེས།།
ཡིད་ཁྱོད་དབུས་སུ་ལེགས་བཞུགས་ཏེ།།
དབང་པོའི་འཕྲུལ་འཁོར་བཀོལ་བར་བྱས།།
ཐམས་ཅད་བྱུང་རྒྱལ་ཕྱོགས་བཏང་བས།།
ཐལ་བར་གྱུར་ན་ཡིད་མུག་འགྱུར།།
འབྲས་བུ་ཐོབ་ཆེད་ལྗོན་པའི་རྩེར།།
མི་དགོས་ས་ཡི་སྟེང་དུའང་ཆོག།
དོན་རྣམས་མཆོག་དམན་ལེགས་ཐོབ་ལའང་།།
དྲུང་དུ་འདུར་རྒྱུགས་ག་ལ་དགོས།།
དོན་ཆེན་ངང་རིང་ཡུན་གྱིས་བསྒྲུབ།།
ཕག་ལྟོ་ཟ་བའི་སྲོལ་མ་ཡིན།།
འོན་ཏེ་ལ་ལ་ཉེ་བར་བཅར།།
ལ་ལ་རིང་ནས་ལེགས་པར་འོང་།།
ང་ནི་གང་དག་སྒུག་སྒུག་བྱས།།
ཚེ་འདི་འཛད་པའང་ལེགས་པར་རྟོགས།།
འོན་ཏེ་འདོད་པའི་ནོར་མཆོག་དེ།།
ཉེ་རིང་གར་གནས་ཆ་མ་འཚལ།།
ཉེར་གནས་མིག་གིས་མི་མཐོང་ཅི།།
རིང་བར་མཆིས་ན་ཡིད་ཀྱི་གསོས།།
འོན་ཏེ་ཉེ་ན་གནས་གང་དེ།།
ལེགས་པར་འབྱོར་ན་ལེགས་སམ་སྙམ།།
ད་དུང་འཁྲུན་ཐག་གཅོད་དགོས་སམ།།
ཡང་ན་གནས་པ་འཛིན་དགོས་སམ།།
རྨོངས་པ་རྨོངས་པར་བཏང་གྱུར་ན།།
རང་ཡང་ཡིན་མིན་རྨོངས་པར་འགྱུར།།
དེས་ན་ད་ལྟ་ཉིད་ལ་གནས།།
གང་དེ་དམ་དུ་འཛིན་པར་བྱ།།
སྲོག་གིས་གཅེས་སུ་སྲུང་བར་བྱ།།
ཚེ་ཡི་མཐའ་ལ་སྤྱུག་པར་བྱ།།
༢༠༡༣། ༠༣། ༢༡ ཉིན་གྱི་ཞོགས་པར་ཉལ་ཁང་གི་ཐོག་གར་དཔེ་ཀློག་སྐབས་ཐོལ་གྱིས་དྲན་པ་ཡི་གེ་ཕབ་པ་དགེའོ།།
Comments
Post a Comment