དྲིན་ཆེན་ཕ་མའི་དྲིན་ལན།



འཇིག་རྟེན་མི་རུ་སྐྱེས་པ།།
དྲིན་ཆེན་ཕ་མའི་དྲིན་རེད།།
ཕ་མའི་དྲིན་ལན་ཤེས་དུས།།
འཇིག་རྟེན་ཕྱི་མར་གཤེགས་ཟིན།།

ང་ཡི་དྲིན་ཆེན་ཕ་མ།།
ད་ལྟ་གང་དུ་བཞུགས་སམ།།
འགྲོ་བ་མི་ཡི་ལུས་རྟེན།།
ཐོབ་པར་སྙིང་ནས་རེ་ཡོད།།

དྲིན་ཆེན་ཕ་མའི་ཞལ་རས།།
བསྒོམས་ཀྱང་ཡིད་ལ་མི་ཡོང་།
ཕ་མའི་གསུང་གི་དུམ་བུ།།
མིང་སྲིང་ངག་ལས་ཐོས་མྱོང་།།

ཐོས་པའི་གསུང་ཚིག་རེ་རེ།།
ཡིད་ལ་དམ་པོར་བཅངས་ཏེ།།
ཕ་མའི་བཀའ་དྲིན་གསབ་ཕྱིར།།
འགྲོ་ལ་བརྩེ་སེམས་བཟུང་ཡོད།།

ང་ཡི་དྲིན་ཆེན་ཕ་མ།།
ད་ལྟ་འདི་རུ་ཡོད་ན།།
བུ་ངས་ལུས་སེམས་གཉིས་ཀྱིས།།
གང་ལྕོགས་ཞབས་ཕྱི་ཞུ་ངེས།།

འཇིག་རྟེན་ཕ་འཛོམས་མ་འཛོམས།།
བུ་དང་བུ་མོ་རྣམ་པ།།
དྲིན་ཆེན་ཡབ་ཡུམ་བཞུགས་དུས།།
ཁ་ལོག་ཚིག་ལོག་མ་རྒྱག།

ཕ་མ་ལ་ཁའི་ཉི་མ།།
ནུབ་ལ་བཞུད་པར་མི་རིང་།།
འདར་འདར་མི་ཚེ་ལྷག་མར།།
གང་ནུས་སྙོར་སྐྱོང་གནང་རོགས།།

ཕ་མའི་དྲིན་ལན་བསམ་ནས།།
ཚེ་འདིར་ཞབས་ཞུ་གནང་དགོས།།
ཕྱི་མའི་ཡུལ་དུ་ཆས་དུས།།
འགྱོད་ཀྱང་བྱེད་ཐབས་མི་འདུག།

འཇིག་རྟེན་ཕ་མའི་བཀའ་དྲིན།།
ཚེ་འདིར་གཞལ་ཐུབ་མེད་ཀྱང་།།
ཞིམ་པོའི་བཟའ་བཏུང་འབུལ་རོགས།།
འཇམ་པོའི་གོས་ལྭ་གཡོག་རོགས།།

ཁ་ལེན་ཚིག་བརྩི་གནང་སྟེ།།
ལས་དོན་བཟང་པོ་སྒྲུབས་རོགས།།
མི་སྡེའི་ཁ་ལས་དགེ་ན།།
ཕ་མའི་དྲིན་ལན་དེ་ཡིན།།

བཤད་པ་ངག་སྒོ་འཟམ་དགོས།།
ལྟ་བ་མིག་ཟུང་འཛུམ་དགོས།།
སྙོར་བ་ལག་ཟུང་ཡང་དགོས།།
ཕ་མའི་དྲིན་ལན་དེ་ཡིན།།

གཞན་ལ་ཅི་དགོས་རོགས་བྱོས།།
རང་ལ་ཅི་དགོས་ལས་སྒྲུབས།།
རང་གཞན་གཉིས་ཕན་བྱུང་ན།།
ཕ་མའི་དྲིན་ལན་དེ་ཡིན།།

གཞན་ཕན་ལས་སྣ་མང་དགོས།།
སྡིག་ལས་སྣ་ཚོགས་སྤངས་དགོས།།
མི་ཚེར་དོན་འགོ་ཡོད་དགོས།།
ཕ་མའི་དྲིན་ལན་དེ་ཡིན།།

མི་ལུས་ཐོབ་རྒྱུ་དཀའ་གི།
ཐོབ་ཀྱང་འཚོ་རྒྱུ་དཀའ་གི།
ལྟོ་གོས་གཏམ་གསུམ་བཙལ་ཏེ།།
ཕ་མ་སྣང་མེད་མ་གཏོང་།།

སྐྱེས་བར་འཆི་བ་ལོས་ཡོད།།
འཆི་ཁར་བདག་སྐྱོང་ལོས་དགོས།།
འབུ་གསོས་མི་རུ་སྒྱུར་མཁན།།
ཕ་མའི་དྲིན་ལན་མ་བརྗེད།།

ཤི་རྗེས་གཤིན་ཆོས་བསྒྲུབས་ཀྱང་།།
དེ་ཙམ་ཕན་པ་མི་ཡོང་།།
ཕ་མ་འཚོ་བཞེས་དུས་སུ།།
ངོ་དཀར་འཛུམ་གྱིས་གཉོར་ཞིག།

རང་གི་དྲིན་ཆེན་ཕ་མར།།
བྱམས་སྐྱོང་གང་ལེགས་བྱས་ན།།
མར་གྱུར་འགྲོ་བའི་དྲིན་ལན།།
དེ་ག་ཙམ་གྱིས་གཞལ་ཐུབ།།

འཇིག་རྟེན་བུ་དང་བུ་མོ།།
ཟང་ཟིང་རྒྱུ་དངོས་བསམ་ནས།།
དྲིན་ཆེན་ཕ་མར་གཉོར་སྐྱོར།།
སྣང་མེད་འཐུས་ཤོར་མ་བྱེད།།

ཁྱོད་ཀྱི་ཤ་ཁྲག་ལུས་པོ།།
དྲིན་ཆེན་ཕ་མས་བསྐྲུན་པ།།
ཁྱོད་ཀྱི་ཁྱིམ་གཞིས་དྲོན་མོར།།
ཕ་མས་དངུལ་ཁྲག་འདྲེས་ཡོད།།

མ་འབྱར་ཤ་ལོག་འདྲ་བ།།
བྱམས་དང་བརྩེ་བས་གཉོར་ཏེ།།
ད་ལྟའི་ཤ་དར་ཁྲག་རྒྱས།།
ཕ་མའི་བཀའ་དྲིན་ཡིན་ནོ།།

སྣབས་དང་གཅིན་སྐྱག་ཕྱིས་ཏེ།།
གོས་དང་གཙང་སྦྲས་བསྐྱངས་ཏེ།།
ནད་མེད་ལང་ཚོ་དར་བ།།
ཕ་མས་དྲིན་གྱིས་བསྐྱངས་རེད།།

ཉི་མ་ཟལ་བ་སྦྲེལ་ཏེ།།
ཟླ་བ་ལོ་ལ་རྒྱུས་ནས།།
ལོ་ན་བཅུ་དང་ཉི་ཤུར།།
ཉིན་མཚན་དབྱེར་མེད་བསྐྱངས་ཡོད།།

དེ་ཙམ་དེ་ཙམ་བསམ་ནས།།
དྲིན་ལ་དྲིན་ལན་གཞལ་དགོས།།
ཚེ་འདིར་དྲིན་ལན་མེད་ན།།
ཕྱི་མར་བུ་ལོན་བཞག་ཡོད།།


དེ་རིང་ཉིན་གུང་ཡོལ་ཙམ་ལ་ཨ་ཁུ་ཆོས་རྒྱ་མཚོ་ལགས་ཀྱི་བསྐུར་ཡོང་བའི་གངས་ལྗོངས་ཁུ་བྱུག་སྔོན་མོ་གླུ་བ་འདས་པོ་བདུད་བྷེ་ལགས་ཀྱི་༼འགྱོད་ཀྱང་འཕྱི།༽ཞེས་པའི་རྡུང་ལེན་དེར་ཉན་རྗེས། རང་གི་སེམས་ཚོར་ཡིག་ངོར་ཕབ་པ། ༼དྲིན་ཆེན་ཕ་མའི་དྲིན་ལན་༽ཞེས་པའི་ཤོལ་ཀ་འགའ་ཤར་མར་བྲིས་པ་འདིས་ཀྱང་བདག་དང་བདག་འདྲ་བ་མང་པོའི་སེམས་རྒྱུད་གྱོང་པོ་དེར་སྣུམ་ཞགས་ཅུང་ཟད་རེ་འགོས་པའི་རེ་སྨོན་བཅས་
གཅན་བཟོད་རྒྱམ་པས་ཕྱི་ལོ་ཟླ་ཚེས་ལ་ཡུལ་གསལ་ལྡན་གྲོང་དཀྱིལ་རང་ཤག་དགའ་བདེ་གཡང་འཁྱིལ་ནས་ཤར་མར་བྲིས། 
༢༠༡༧། ༡༠། ༡༣།


Comments

Popular posts from this blog

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།