ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།


ཆོས་རྒྱལ་མེས་དབོན་རྣམ་གསུམ། 


ཡུལ་མཐོ་ས་གཙང་གངས་ཀྱི་རྭ་བའི་ནང་།། 

ཆོས་རྒྱལ་མེས་དབོན་རྣམ་གསུམ་གཡང་དུ་ཆགས།།

བཙན་པོའི་སྟོབས་ཀྱིས་ཕྱོགས་བཞིའི་དགྲ་བཏུལ་ཏེ།།

ཆོས་སྲིད་ཕྱོགས་ལས་རྣམ་རྒྱལ་དགུང་དུ་སྙེགས།།


ནག་པོ་རྒྱ་ཡི་སྒོ་བཞི་ཐལ་བར་གཏོར།།

རྒྱ་དམག་ཐང་མར་བརྡལ་བས་དུར་ལམ་དཔྱངས།།

རྒྱ་ཁྲག་རྐ་ཆུར་བཞུར་བ་གཏམ་དུ་གྲགས།།

རྒྱ་རྒྱལ་བདོས་ཏེ་གསར་པ་བཙན་གྱིས་བཅུག།


གང་གཱའི་འགྲམ་དུ་ལྕགས་ཀྱི་གདུང་མ་བཙུགས།

དཔུང་དམག་བསྐོས་ཏེ་སྲུང་བྱ་དམ་པོར་བྱས།།

མ་ག་དྷ་ཡི་རྟེན་གཙོ་རང་བསྲེལ་དྲངས།།

འབོ་ཊ་ཐང་གུར་ཞེས་བྱའི་བོད་གྲོང་བཏབ།།


ཀྱེ་མ་འཇིག་རྟེན་དར་རྒུད་དངོས་པའི་གཤིས།།

བོད་ཀྱི་མངའ་ཐང་དེ་ཡང་གཤིས་དེ་ཉིད།།

བགྲང་བྱ་བརྒྱ་ཕྲག་བཅུ་ལྷག་བརྒལ་བའི་ཚེ།།

ཀ་བ་བརླག་ཅིང་སྲུང་མིའང་གཞན་ཏུ་གྱུར།།


ད་ནི་སྔོན་གྱི་མངའ་ཐང་མ་ཤེས་པར།།

ད་ནི་གོང་མས་བྲིས་པ་མ་མཐོང་ཞིང་།།

རང་རེ་གླེང་རིན་མེད་པའི་གཞིར་བཀོད་དེ།།

ཀུན་ཀྱིས་གླེང་ཙམ་རེ་ཡང་དཀའ་ཙམ་གདའ།།



ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན།
བོད་ཀྱི་ལོ་རྒྱུས་རྣམས་སུ་ཆོས་རྒྱལ་མེས་དབོན་རྣམས་ནི་ཆོས་སྲིད་གང་ཐད་ནས་འགྲན་ཟླ་བྲལ་བའི་བཙན་པོ་གསུམ་ཡིན་པར་འཁོད་ཅིང་། དེ་ཡང་དོན་པ་གནས་པའི་གཏམ་དུ་སྣང་ཞིང་། ལྷག་པར་དུ་ཆོས་རྒྱལ་ཁྲི་ལྡེ་བཙན་ཀྱི་སྐུ་དུས་ནི་བོད་ཀྱི་ཆོས་སྲིད་གང་ཐད་ནས་མངའ་ཐང་དར་བའི་རྩེ་མོར་སོན་པའི་དུས་སྐབས་ཤིག་ཡིན་སྙམ། 

རྒྱ་ནག་ཕྱོགས་སུ་དམག་དྲངས་ཏེ་ཡུལ་ཁམས་རྒྱ་བསྐྱེད་ཆེན་པོ་གནང་བ་མ་ཟད། རྒྱ་ནག་གི་རྒྱལ་ས་ཁྲང་ཨན་ཡང་བཙན་པོའི་སྟོབས་དང་དཔུང་གིས་བླངས། རྒྱ་རྒྱལ་བརྗེས་ཏེ་གསར་ཏུ་བཅུག་པ་སོགས་ཀྱི་བོད་ཀྱི་བཙན་པོའི་རྒྱལ་རབས་དང་བོད་ཀྱི་ལོ་རྒྱུས་ཁྲོད་ལ་གསེར་འོད་ལམ་ལམ་དུ་འཕྲོ་བའི་དུས་དེ་ཅི་ལ་མིན་ཏེ། རྒྱ་ལས་དར་གོས་དྲངས། བོད་འབངས་རེ་ལ་དར་ཡུག་རེ་འགྱེད་པའི་དཔུང་སྟོབས་ལྡན་མྱོང་བ་རེད། ད་དུང་དཀར་པོ་ཆོས་ཀྱི་ཕྱོགས་ནས་ཀྱང་། རྒྱ་གར་དུ་དྲག་པོའི་དཔུང་དྲངས་ཏེ་བྱང་ཆུབ་མཆོད་རྟེན་ཆེན་པོ་ལས་རང་བསྲེལ་དྲངས་ཏེ། ཆོས་ཀྱི་རྟེན་གཙོར་བཞུགས་སུ་གསོལ་བ་སོགས་ཆོས་རྒྱལ་ཁྲི་སྲོང་གི་མངའ་ཐང་དང་མཛད་རྗེས་རེད་ཨང་། 

དེ་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རྒྱ་གར་མ་གྷ་དྷར་དམག་དྲངས། བྱང་ཆུབ་མཆོད་རྟེན་ཆེན་པོ་ལས་རང་བསྲེལ་དྲངས། གང་གཱའི་འགྲམ་དུ་ལྕགས་ཀྱི་གདུང་མ་བཙུགས་ཏེ་སྲིང་མི་བསྐོས། འདི་ཚུན་ཆད་བོད་ཀྱི་ས་ཡིན་པའི་བཅད་རྒྱ་མཛད་ཞེས་པའི་ལོ་རྒྱུས་འདི་ནི་བཙན་པོའི་སྐུ་རིང་ལ་བྲིས་པའི་ལོ་རྒྱུས་ཡིག་ཆ་རྦ་བཞེད་དུ་གསལ། 



རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ལྕགས་ཀྱི་གདུང་མ། 
མཁས་དབང་དགེ་ཆོས་ལགས་ཀྱིས་བཙན་པོའི་ཁྲི་སྲོང་གི་སྐབས་ཀྱི་སྟོབས་ཤུགས་མཚོན་པའི་ལོ་རྒྱུས་དུམ་བུ་འདི་ལ་ཐུགས་ཁུར་ཆེར་བཞེས་ཀྱིས་དེབ་དཀར་དུ་ཁ་སྣོན་དང་བཅས་ཁ་ཇེ་གསལ་དུ་བཏང་བ་ནི་འདི་ལྟར། “དེ་ནས་གང་གཱ་བརྒལ་ནས་མགདྷར་དམག་དྲངས་པ་དང་། མགདྷ་རྣམས་ཀྱིས་ནོར་ཐམས་ཅད་ཨོཏནྟཔུ་རིར་བསྐྱལ་ནས། མི་ཐམས་ཅད་རྒྱ་གར་ཤར་ཕྱོགས་སུ་བྲོས་པས་གཡུལ་སྤྲོད་མ་དགོས་པར་བྱང་ཆུབ་ཤིང་ལ་མཆོད་པ་ཕུལ། ཞེས་སོགས་ནས། གང་གཱའི་འགྲམ་དུ་བོད་ཀྱི་མི་བསྐོས་ནས། འདི་ཚུན་ཆད་བོད་ཀྱི་ས་བཅད་ཡིན་པས་རྡོ་རིང་གྱིས་ཤིག་ཅེས་བཀའ་བསྩལ་བ་བཞིན་བྱེ་ཁུང་དུ་ལྕགས་ཀྱི་ཀ་བ་བཙུགས་ཏེ། ཕྱིས་བྲུ་ཤའི་དམག་གིས་བཤིག་པས། མ་ཞིག་པར་མེ་ལ་བཞུས་པའི་འཕྲོ་ཡོད་དོ།། དེའི་ལུང་ཁུག་ན་ཀ་བ་བསྲུང་བའི་མིའི་རིགས་ལས་མཆེད་པ་འབོ་ཊ་ཐང་གུ་རུའི་རིགས་ཞེས་བྱ་བའི་གྲོང་ཁྱེར་གཅིག་ཀྱང་ཡོད་དོ།། ” ཞེས་སོགས་དང་། 

ཡང་སྐབས་དེར་བཙུགས་པའི་ལྕགས་ཀྱི་ཀ་བ་དེ་དེང་སང་གར་ཡོད་ཀྱི་སྐོར་ལ་འདི་ལྟར། “ འདི་དུས་ཙམ་ན་བཙུགས་པའི་ལྕགས་ཀྱི་ཀ་བ་ཞིག་ཀྱང་ད་ལྟ་དྷི་ལིའི་ཕྱོགས་ན་ཡོད་ཅིང་། སྟེང་གི་ཡི་གེ་རྣམས་ནི་རྒྱལ་པོ་ཙནྡྲ་ཟླ་བ་བྱ་བ་ཞིག་གིས་བཀོད་པ་ཡིན་འདུག་ལ། འོན་ཀྱང་རྒྱ་གར་ན་མྱ་ངན་མེད་ཀྱི་རྡོ་རིང་འགའ་ཞིག་གི་སྟེང་ན། ཕྱིས་ཀྱི་ཀླ་ཀློའི་རྒྱལ་པོས་ཡི་གེ་བཀོད་པ་སོགས་ཀྱང་འདུག་པས། འདི་འདྲ་ལ་བསམ་ཚེ་ལྕགས་ཀྱི་ཀ་བ་ཡང་ངོ་བོ་སྔར་བོད་ཀྱིས་བཙུགས་པ་དེ་སྲིད་དམ་སྙམ་སྟེ། ” ཞེས་ཁྲི་སྲོང་སྐབས་སུ་གང་གཱའི་འགྲམ་དུ་ས་མཚམས་བཅད་རྒྱར་བཙུགས་པའི་ལྕགས་ཀྱི་ཀ་བ་དེ་དེང་ལྡི་ལིར་ཡོད་པ་(གཤམ་གྱི་པར་རིས་སུ་གསལ་བ་འདི་འདི་ཡིན་པར་ངོས་འཛིན་གནང་འདུག་པའམ། དེ་ཡིན་པའི་དགོངས་བཞེད་ཡོད་འདུག་ཅིང་། དེའི་ཡིན་བྱེད་དུ་ཁྲི་སྲོང་གི་སྐབས་སུ་བོད་ཀྱི་དམག་སྟོབས་ཤིན་ཏུ་ཆེ་བ་དང་། དེའི་སྲས་མུ་ཏིག་བཙན་པོའི་སྐབས་སུའང་ད་དུང་བོད་ཀྱི་དྲག་པོའི་དམག་སྟོབས་ཉམས་པ་མེད་པར་གནས་ཡོད་པ་མ་ཟད། སླར་ཡང་རྒྱ་གར་དུ་དྲག་པོའི་དམག་དྲངས་ཏེ་རྒྱ་གར་གྱི་རྒྱལ་པོ་དྷརྨ་པཱ་ལ་བཟུང་སྟེ་བོད་དུ་ཁྲིད་པ་སོགས་ཀྱང་འདི་ལྟར། “དེའི་འོག་ཏུ་སླར་ཡང་མུ་ཏིག་བཙན་པོས་སྲིད་འཕྲི་འཛིན་པའི་སྐབས། རྒྱ་གར་གྱི་རྒྱལ་པོ་དྷརྨ་པཱ་ལ་བོད་དུ་འཁྲིད་དེ། བཟང་བཙོན་གྱི་ཚུལ་དུ་བཞག་ལ། དེས་ཕོ་ཡོང་བཟའ་བྱ་བའི་མོ་ཞིག་བཞེས་པ་ལས་འཕྱོངས་རྒྱས་ཟ་ཧོར་མིའི་རིགས་དེ་མཆེད་དོ་ཞེས་ལྔ་བ་ཆེན་པོས་གསུངས། ” ཞེས་པར་ལོ་རྒྱུས་སྔ་ཕྱི་གོང་བསྒྲིགས་ཏེ་བཀོད་འདུག་པས་ན། ཙནྡྲ་ཟླ་བ་བྱ་བའི་སྐབས་སུ་བཞེངས་པའི་ལྕགས་ཀྱི་ཀ་བ་དེ་ཡང་བོད་ཀྱི་གང་གཱའི་འགྲམ་དུ་བཙུགས་པ་བྲུ་ཤས་མེས་བཞུས་པ་སོགས་ལྕགས་ཀྱི་ཀ་བའི་འོག་གཤམ་མེས་བཞུས་ཤུལ་ལྟ་བུའང་ཡོད་པ་སོགས་ལ་བསམས་བསམས་ན། སྦ་བཞེད་དམ་རྦ་བཞེད་ལས་གསུངས་པ་བདེན་ཅིང་། དགེ་ཆོས་ཀྱིས་དག་སྐྱེལ་དང་རྒྱུས་སྟོན་གནང་བའང་བདེན་ནམ་སྙམ། 


ལྕགས་ཀྱི་གདུང་མའི་སྟེང་གི་ཡི་གེ།
ཀ་བའི་སྟེང་གི་ཡི་གེ་འབྲུ་དོན་གང་ཡིན་ས་དུང་རང་ཅག་ལ་རྒྱུས་མེད་དུ་འདུག་སྙམ་ན། དཔྱད་དགོས་པ་ཞིག་ལོས་ཡིན་མོད། རང་རེ་ལ་གུབ་ཏའི་ཡི་གེ་འདོན་ཤེས་མཁན་མེད་ཅིང་། གཞན་གྱི་དཔྱད་འབྲས་ལའང་ཐུགས་སྣང་མེད་པར་འགོར་གྱིན་འདུག་ན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་དམག་གིས་གང་གཱའི་འགྲམ་དུ་ས་མཚམས་བཅད་པའི་ལྕགས་ཀྱི་གདུང་མ་བཙུགས་པ་དེ་དེང་ལྡི་ལིར་ཡོད་པ་འདི་ཡིན་མིན་ཡང་ཅིས་ཀྱང་དཔྱད་དགོས་ཏེ། དོན་དམ་དུ་ལྕགས་ཀྱི་ཀ་བ་འདི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལྟར་ན་ཁྲི་སྲོང་གིས་མ་གྷ་དྷར་དམག་དྲངས་སྐབས་བཞེངས་ཏེ་བཙུགས་པར་བཤད་མོད། རྒྱ་གར་གྱི་ཡིག་ཆ་མང་པོའི་ཁྲོད་ན་ལྕགས་ཀྱི་ཀ་བ་འདིའི་ལོ་ཚིགས་ནི་ཕྱི་ལོ་༣༧༥ ནས་༤༡༥ པའི་དབར་ཡིན་པར་བཤད་ཅིང་། ལོ་རྒྱུས་ཀྱང་གཞན་ཞིག་ཡིན་འདུག་ན། ཁྲི་སྲོང་གི་ལོ་ཚིགས་དང་ཡང་ཆེར་མི་མཐུན་པས་ན། ཡང་བསྐྱར་རམ་གསར་དུ་སུ་ཞིག་གིས་དཔྱད་དགོས་སོ་སྙམ་མོ།། 

ལྕགས་ཀྱི་གདུང་མའི་ཡི་གེ།
རྒྱ་གར་བོད་བཙན་པོའི་མངའ་ཞབས་སུ་བཙུད་ཅིང་འབངས་སུ་བཅུག་པའི་སྒྲོས་རང་རེའི་ལོ་རྒྱུས་ཡིག་ཆ་སྔ་ཕྱི་མང་པོར་གསལ་འདུག་ན། རང་ཅག་གིས་ལོ་རྒྱུས་ཀྱི་སྒྲོས་འདི་འདྲ་བཤད་པར་ཡ་ང་བག་འཁུམ་ཡང་མི་དགོས་སྙམ་ཏེ། ལུང་ཁུངས་འདི་འདྲ་མང་པོ་ཡོད་པ་མ་ཟད། རྒྱ་གར་གྱི་རྒྱལ་པོ་དང་བོད་ཀྱི་བཙན་པོ་མང་པོ་ཞིག་དུས་སྐབས་ཐོད་གཏུགས་པ་ལ་ལོ་ཚིགས་མང་པོ་ཞིག་ཀྱང་འགྲིག་འགྲིག་ཏུ་ཡོད་སྣང་འདུག་ཅིང་། རྒྱ་གར་ཀྱི་ཡིག་ཆར་ཡང་གསལ་བར་འདུག་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “གཞན་ཡང་བོད་ཀྱི་རྒྱལ་པོའི་དམག་ཀོཤམྦྷི་བར་དུ་སླེབས་པར་འགྱུར་བ་སོགས་ལི་ཡུལ་ལུང་བསྟན་དུ་ཡང་གསལ་བར་འགྱུར་རོ།།” ཞེས་སོགས་གསུང་ཞིང་། བོད་དམག་རྒྱ་གར་དུ་སླེབས་པ་དང་། བཙན་འཛིན་བྱས་སྐོར་བོད་ཀྱི་ཡིག་ཆ་གཅིག་པུ་མ་ཡིན་པར་རྒྱ་གར་གྱི་ཡིག་ཆར་འཁོད་འདུག་ན་སྐོང་དགོས་པ་ཡོད་སྙམ་མོ།  

ཡང་རྒྱ་གར་འདི་བོད་ཀྱི་བཙན་པོའི་མངའ་འོག་ཏུ་བཙུད་མྱོང་ཡོད་པ་མ་ཟད། རྒྱལ་པོ་བཀའི་ཐང་ཡིག་ལས་ཀྱང་། ལྷོ་ཕྱོགས་རྒྱ་གར་རྒྱལ་པོ་བཞུགས་པ་ཡང་།། རཱ་ཛ་དྷརྨ་དཔལ་དང་དྲའུ་དཔུང་གཉིས།། དམག་སྒོ་གཅོད་པར་བཀའ་ཡིས་ས་བསྒྲུབས་ནས།། རྒྱ་གར་རྒྱལ་སྲིད་བོད་ཀྱི་བྲན་དུ་བྱས།། རྒྱ་གར་ཡུལ་གྱི་ནོར་རྫས་རིན་པོ་ཆེ།། ཁ་ཟས་བཟང་དགུ་དུས་ལས་མ་འདས་ཕུལ།། རྒྱ་གར་སྟོད་སྨད་རྒྱལ་པོ་ཆེན་པོ་གཉིས།། རང་ལ་ཉན་ཞིང་བཀའ་ལ་གཅེས་སྤྲས་བྱེད།། སོགས་རྒྱ་གར་འདི་ཡང་རང་ཅག་བོད་ཀྱི་དབང་འོག་ཏུ་ཡུན་རིང་བྱས་མྱོང་པ་གསལ་ཞིང་། དུས་ནི་ཆོས་རྒྱལ་སྲོང་སྒམ་པོ་དང་གུང་སྲོང་གུང་བཙན། འདུས་སྲོང་མང་རྗེ། བཅས་ཀྱི་སྐབས་སུ་བོད་ཀྱི་ཆབ་འོག་ཏུ་རེས་ཡོད་རེས་མེད་དུ་ཡོད་པ་དང་། ཁྲི་སྲོང་སྐབས་སུ་འབངས་རྣལ་མར་བཀུག་ཅིང་། ས་མཚམས་ཀྱང་བཅད། ལྕགས་གདུང་ཡང་བཙུགས་སོ་གསུངས། 

ལྕགས་ཀྱི་གདུང་མ།
དེ་ལྟར་མཁས་དབང་དགེ་ཆོས་ཀྱིས་དེ་དུས་གླིང་ཆེན་ཡོངས་རྫོགས་འདི་ན་བོད་དང་མཉམ་པའི་རྒྱལ་ཁབ་སྟོབས་ཆེ་བ་སུ་ཡང་མེད་པར་གྲགས་ལ། ལྷག་པར་ཁྲི་སྲོང་ལྡེ་བཙུན་གྱི་སྐུ་དུས་ཙ་ན། མངའ་ཐང་དར་བའི་རྩེ་མོར་སོན་ཏེ། རྒྱལ་ཁབ་ཀྱི་ས་ཁྱོན་ཡང་ཕལ་ཆེར་གླིང་ཧྲིལ་པོའི་སྟེང་དུ་རྒྱ་བསྐྱེད་ཅིང་། བོད་འབངས་མིན་པའི་ཕྱོགས་རྣམས་ན་ཡང་། བླ་སྐྱེས་འབུལ་ཞིང་རྒྱལ་པོའི་བཀའ་ལུང་ལེན་པའི་རྒྱལ་ཕྲན་མང་དུ་ཡོད་པ་ཡིན་འདུག་པས། རིག་འཛིན་འཇིགས་མེད་གླིང་པས། འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཞེས་བསྔགས་པ་ཡང་དོན་ལ་གནས་པའི་གསུང་ཡིན་ནོ། ” ཞེས་མཁས་དབང་དགེ་འདུན་ཆོས་ཀྱི་དེབ་དཀར་དུ་གསུངས་འདུག་ཅིང་། འདིའི་ཐད་ཀྱི་ལོ་རྒྱུས་ཞིབ་ཆེ་པ་དེབ་དཀར་དང་། དེབ་དཀར་མཆན་འགྲེལ་ལོ་རྒྱུས་མཁས་པ་གུར་མགོན་སྐྱབས་ལགས་ཀྱི་༼དྲིན་གྱི་བུ་ལོན་༽ ཞེས་པ་ནི་ཁ་གསལ་གོ་བདེ་བ་དང་ཡིག་ཆ་མང་པོ་འདུས་ཆེ་བ་དང་གནད་སྤུངས་མང་ཤོས་ཡོད་པའི་ཡིག་ཆ་གལ་ཆེན་ཞིག་འདུག་ལགས། དོན་གཉེར་ཅན་ཚོས་ཐུགས་སྣང་མཛོད་ཅིག 


ལྕགས་ཀྱི་གདུང་མ།

གོང་བཀོད་རྩོམ་ཡིག་འདི་ནི་ཁ་སང་ཡུལ་ཝཱ་ར་ཎཱ་སའི་གྲོང་གི་གསང་ལམ་བརྒྱུད་འགྲོ་སྐབས་བློ་བུར་དུ་ཡིད་སྐྱོ་བའི་གནས་ཤིག་དང་འཕྲད་པ་དང་། ལམ་དུ་འགྲོ་ཞོར་ལ་བསམ་ཞིང་ནང་དུ་སླེབས་མ་ཐག་ཡི་གེར་བཏབ་པ། དེ་རིང་ཞོགས་པ་སྣོན་འཕྲི་ཅུང་ཙམ་བྱས་ཏེ་སྤེལ། ནོངས་པ་དང་འགལ་འཛོལ་ཅན་ཡོད་ངེས་ལ་ཡོ་བསྲང་དང་དགོངས་འཆར་སྩོལ་ཅིག 


ཅེས་གཅན བཟོད་རྒྱམ་པས་ཟླ་ཚེས་བཟང་པོར་དྲན་ཚོད་དུ་བྲིས་ཏེ་སྤེལ་ཏོ།།


༢༠༢༠།༠༨།༡༡། མཚན་མོར། 

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག