ལྷོ་ཕྱོགས་སུ་ཡུལ་སྐོར་བྱས་པའི་ཟིན་ཐོ།


༢༠༡༡ ལོའི་ཕྱི་ཟླ་༡ པོའི་ཚེས་༢༥ ཉིན་གྱི་ཕྱི་དྲོའི་དུས་ཚོད་༤ དང་ཕྱེད་ཙམ་ལ་མཛའ་མོ་དང་ལྷན་དུ་དྷ་ས་ནས་པ་ཀྲིང་ཀོ་ཌི་ཕྱོགས་སུ་སོང་། གདོང་མོའི་དུས་ཚོད་༨ དང་ཕྱེད་ཙམ་པ་ཅ་ཀེ་བྷན་ཞེས་པའི་འབབ་ཚིགས་སུ་འབྱོར། མཚན་གྱི་དུས་ཚོད་༡༠ དང་༢༥ ཙམ་པ་ལྡི་ལིར་འགྲོ་བའི་མེ་འཁོར་དུ་ཞུགས། མི་མེར་སྒོར་༣༠༡ རེད་འདུག ཕྱི་ཚེས་༢༦ ཞོགས་པའི་དུས་ཚོད་ལྔ་བ་ཡོལ་ཙམ་ལ་ལྡི་ལི་རྙིང་པའི་འབབ་ཚིགས་སུ་འབྱོར། གླ་འཁོར་དུ་བསྡད་ནས་བོད་སྒར་དུ་སོང་། ཁང་པ་དཀར་པོའི་ཁང་མིག་༥ བར་བསྡད། སྒོར་ལྔ་བརྒྱ་རེ་རེད་འདུག མགྲོན་ཁང་དུ་འབྱོར་འཕྲལ་ཁྲུས་བྱས། དེ་ནས་ངལ་གསོ་ཞིང་གཉིད་ཁུག་པ་ཡིན། ཉིན་གུང་ཙམ་ལ་ཡང་བསྐྱར་ཁྲུས་བྱས་རྗེས་སྒོ་ཕྱིར་ཞོགས་ཟས་དང་གུང་ཟས་གཅིག་ཏུ་ཟ་རུ་སོང་། ངེད་གཉིས་ལ་ཧིན་སྒོར་༢༧༠ རེད་འདུག ཕྱི་དྲོ་ཇ་ཁང་ཞིག་ཏུ་འཚིག་ཇ་ཁོ་ཧྥེ་འཐུང་ནས་ཡུན་རིང་ཁ་བརྡ་བྱས་བསྡད། སྒོར་༢༦༠ རེད་འདུག གདོང་ཟས་གྲུབ་རྗེས་ཕྱིར་མགྲོན་ཁང་དུ་ཡོང་ནས་སང་ཉིན་གྱི་འགྲུལ་བཞུད་འཆར་འགོད་དང་གྲ་སྒྲིག་བྱས་རྗེས་གཉིད་ཉལ། ཕྱི་ཚེས་༢༧ ཉིན་གྱི་སྔོ་དྲོའི་དུས་ཚོད་༩ ཡོལ་ཙམ་ལ་མལ་ལས་ལངས། ཁྲུས་བྱས་རྗེ་ཞོགས་ཟས་མགྲོན་ཁང་ནས་ཟོས། དུས་ཚོད་༡༡ ཙམ་ལ་ཁང་གླ་སྤྲད་ཏེ་སྒོར་བུད། གླ་འཁོར་ཆུང་བ་སྒོར་༡༢༠ སྤྲད་དེ་Nizamudi ཞེས་པའི་ལྷོ་ཕྱོགས་སུ་འགྲོ་བའི་མེ་འཁོར་འབབ་ཚིགས་སུ་སོང་། ཡུལ་སྐོར་བའི་མིང་ཐོག་ནས་ཛྲ་དྲག་གི་འཛིན་བྱང་ཉོས་པར་མི་གཉིས་ལ་སྒོར་༢༩༡༠ རེད་འདུག་ལ། ལྡི་ལི་ནས་ཕོ་ནེ་བར་དུ་སྤྱི་ལེ་༡༤༡༧ དང་དུས་ཚོད་༢༤ ཡིས་འགྲོ་དགོས། (Delhi to Pune 1417 Km. 24 hrs ) Nizamudi མེ་འཁོར་འབབ་ཚིགས་ནི་རྒྱ་གར་ལྷོ་ཕྱོགས་སུ་འབབ་ཚིགས་ཆེ་ཤོས་དེ་ཡིན་ཅིང་། ངེད་གཉིས་ཀྱིས་འཛིན་བྱང་ཉོས་རྗེས་སྒུག་ཁང་དུ་སོང་ནས་དུས་ཙོད་༡ ལྷག་ལ་སྒུག་པ་ཡིན། Nizamudi འབབ་ཚིགས་ནི་ང་ད་བར་དུ་སོང་མྱོང་བའི་རྒྱ་གར་གྱི་མེ་འཁོར་འབབ་ཚིགས་གཙང་ཤོས་དང་ཆ་རྐྱེན་ཡག་ཤོས་ཀྱི་འབབ་ཚིགས་དེ་རེད་འདུག སྒུག་ཁང་དུ་གསང་སྤྱོད་དང་ངལ་གསོའི་རྐུབ་སྟེགས་རིང་ཐུང་སོགས་གྲལ་འགྲིག་ཅིང་གཙང་མ་ཡིན་ལ། ལངས་གཅིན་གཏོང་སའི་སྐྱོགས་འདྲ་བའི་དཀར་ཡོལ་དེའི་ནང་དུ་གཅིན་པ་བཏང་སྟེ་གོམ་གང་ཕྱིར་ནུར་བྱས་མཚམས་རང་དགར་ཆུ་བཞལ་གཏོང་བ་དང་། ལག་པ་བཀྲུ་སར་ལག་པ་ཕར་སྲིང་ཙམ་བྱས་ན་རྩིག་ངོས་གྱི་འགྱིག་སྒམ་ཆུང་ངུ་དེ་ལས་འདག་ཆུ་ཅུང་ཙམ་ལག་ནང་དུ་བཙིར་ཡོང་བ་དང་། ལག་པ་ཁྲུས་ཚར་རྗེས་སྒམ་ཆུང་གཞན་དེའི་འོག་ལ་སྲིང་ཙམ་གྱིས་སྒྲ་ཆུང་ངུ་དང་བཅས་རླུང་ཚ་བོས་ལག་པའི་ཆུ་སྐམ་པར་བྱེད། ༼སྤྱིར་ཡོ་བྱད་འདི་འདྲ་བ་གང་དུའང་ཡོད་མོད། ངས་མི་ལོ་བཅུ་གསུམ་ནང་རྒྱ་གར་གྱི་མེ་འཁོར་འབབ་ཚིགས་བཅུ་ཕྲག་འགར་སོང་མྱོང་བ་དག་ལས་འདི་དང་། ལྡི་ལི་གསར་བའི་ Bahai House ཞེས་པའི་པད་མའི་དབྱིབས་ཅན་གྱི་ཁང་པ་དེ་གཉིས་ནི་སྤྱི་ཚོགས་འགྲུད་བཞུད་ཆེ་ས་ཞིག་ཏུ་རྒྱས་སྤྲོས་ཆེ་ཤོས་དེ་རེད་འདུག༽ བསིལ་རླུང་ལྡན་པས་འགྲུལ་བཞུད་པ་ཚོར་དམིགས་བསལ་བདེ་སྣར་སྟེར། ད་དུང་སྒུག་ཁང་གི་རྩིག་ངོས་དག་ན་འབྲུག་དང་འབྲས་ལྗོངས། ལ་དྭགས་སོགས་ཧི་མ་ལ་ཡའི་ཡུལ་ལྗོངས་བརྙན་རིས་མང་པོ་བཀལ་འདུག་པ་དེ་དག་གིས་འགུལ་འཞུད་པའི་ཡིད་ལ་ཡུལ་དེ་དག་ཏུ་འགྲོ་སྣང་འགོག་མེད་སྟེར་ངེས་རེད། གུང་ཡོལ་དུས་ཚོད་༡ །༣༠ ཏག་ཏག་ལ་རྒྱ་གར་ལྷོ་ཕྱོགས་སུ་འགྲོ་བའི་མེ་འཁོར་Durronto Exp ཟེར་བ་དེར་བསྡད་དེ་ལམ་དུ་ཆས། ངེད་གཉིས་འདུག་ས་གྲང་རླུང་འཁོར་སྒམ་AC3 ཡིན་ཅིང་། ཐོག་མར་རང་རང་གི་འདུག་སྟེགས་འཚོལ་སྐབས་ཅུང་འཚང་ཁ་ཅུང་འདུག་མོད། སོ་སོའི་འདུག་རྙེད་ནས་ཅ་དངོས་རྣམས་སྟབས་དེབ་རུ་བཞག་རྗེས་ལྷོད་པོར་འདུག་ཆོག ང་ཚོའི་འཁོར་སྒམ་དེར་ངེད་གཉིས་མ་གཏོགས་གཞན་ཚང་མ་རྒྱ་གར་གྱི་ན་གཞོན་ཕོ་མོ་རྐྱང་རྐྱང་རེད་འདུག བལྟས་ཚོད་ཀྱིས་ཚང་མ་སློབ་མ་རེད་ཨང་སྙམ། མེ་འཁོར་སོང་ནས་དུས་ཙོད་ཕྱེད་ཙམ་འགོར་ནས་ཞབས་ཞུ་བ་རྣམས་ཀྱིས་རིམ་པར་སླེབས་ནས་དམར་ཟས་ཅན་ཚོར་ཤ་ཀུ་ཡོད་པའི་ཤ་བྱ་རྡོག་པོ་གསུམ་རེ་ཅན་དངུལ་ཤོག་གི་ཕོར་བ་གང་རེ་དང་། ལྡ་ལི་སེར་པོ་ཕོར་བ་གང་རེ། འབྲས་ཆེན་ཕོར་བ་གང་དང་ནན་(Nanan )ཞེས་པའི་བག་ལེབ་གཉིས་རེ། ཞོ་ཕོར་བ་ཆུང་བ་གཅིག་དང་ལ་ཕུག་དང་རྡོ་ཀུན་གཤར་མ་གཉིས་རེ། ཁ་ཚ་སྐྱུར་མོ་ཅན་ཤོག་ཐུམ་ཆུང་བ་གཅིག་དང་ཆུ་འགྱིག་དམ་གཅིག སོ་བར་གསང་བྱེད་ཤིང་ཐུར་ཕྲ་མོ་བཅས་གུང་ཟས་རྒྱས་ཙམ་འདུག་པས་གྲོད་པ་རྒྱགས་ཚད་བྱུང་། གུང་ཟས་གྲུབ་ནས་དུས་ཡུན་སྐར་བཅུ་ཙམ་ནས་འཁྱག་ཞོ་(Ice cream) འགྱིག་ཕོར་ཆུང་བ་རེའང་སྤྲད་སོང་། ཚོས་ཞབས་ཞུ་བའི་རྣམ་འགྱུང་བཟང་ཞིང་བཟའ་བཏུང་གི་དྲོ་བ་ཞིམ་ལ་སྣ་མང་ཡིན་པས་སྐྱིད་སྣང་བྱུང་ཞིང་། ཞབས་ཞུ་བར་རྣམ་འགྱུར་སྟོན་དང་བཟའ་བཏུང་ལ་སྤྱོད་སྟངས་སོགས་ཀྱང་འགྲུབ་བ་གཞན་ལས་གང་ཡག་ཡག་དང་མིག་ལ་བདེ་བོ་བྱ་ཐུབ་བྱས་པ་ཡིན། མེ་འཁོར་གྱིས་ཐྲོག་སྒྲ་སྒྲོག་གིན་ཤུགས་ཀྱིས་རྒྱུགས་ཤིང་བར་བར་དུ་འབབ་ཚིགས་ཆེ་ཆུང་རེར་ཏུག་དུས་ཡུན་སྐར་མ་འགའ་འགྲུབ་ལ་ནང་ཡར་འཛུལ་མར་འབབ་བྱེད་ཅིང་། མཚམས་རེར་གྲོང་ཁྱེར་ལྟ་བུ་དང་ལན་རེར་གྲོང་བརྡལ་གྱི་འབབ་ཚིགས་ལྟ་བུར་འདུག་ཙམ་བྱས་ནས་རྒྱུགས། སྒེའུ་ཁུང་སྣང་བའི་ཕྱིའི་ཡུལ་ལྗོངས་ནི་སྣ་ཚོགས་སྟེ། ཅོག་ཙེའི་དབྱིབས་ལྟ་བུའི་གྲུ་བཞི་དང་ནར་མོ་ཅན་གྱི་ཞིང་ས་གཤིན་པ་དག་ནི་ལ་ལ་སྟོན་ལེན་ལ་ཁད་པ་དང་ལ་ལ་ནི་སྙེ་མ་བཏང་ཙམ། ལ་ལ་ནི་ས་ཁར་བུད་ཙམ་སོགས་མུ་རྒྱུད་གཅིག་ལ་ལོ་ཏོག་སྐྱེས་པའི་རྣམ་པ་མི་འདྲ་བ་མང་དུ་འདུག ཕྱི་དྲོའི་དུས་ཚོད་༥ ཙམ་ལ་ཇ་ཁུག་མ་གཉིས་(Tea bag)དང་ཀ་ར་ཁུག་མ་གཅིག བག་ལེབ་སྲེག་མ་ལེབ་མོ་གཉིས། ཕྱུར་བ་ལེབ་མོ་གཅིག ལྡུམ་སྒོང་གི་ཁུ་བ་འགྱིག་ཐུམ་ཆུང་པ་གཅིག རྒྱ་གར་གྱི་ས་མོ་ས་ཟེར་བའི་ཁ་ཟས་ཟོས་པ་གཅིག མངར་ཟས་རིལ་བུ་གཅིག་བཅས་སྤྲད་སོང་། ངེད་ཚོའི་འཁོར་སྒམ་ནང་དུ་མི་བརྒྱད་ཡོད་པ་ཚང་མ་གཞོན་སྐྱེས་རྐྱང་རེད་འདུག་ལ། བཟའ་བཏུང་འདྲ་མིན་རེ་སྤྲད་ཚེ་དགའ་ཞིང་དགོད་བཞིན་ལེན་ཞིང་། གཞས་གཏོང་བ་དང་ཁ་བརྡ་བྱེད་པ། དཔེ་དེབ་ཀློག་པ་དང་རྩིས་འཁོར་དང་ཁ་པར་ལས་དྲ་ལམ་མྱུལ་བ་སོགས་བྱེད་ཅིང་། དུས་ཚོད་ནི་འཁྱུག་ཙམ་གྱིས་བཞུད་འགྲོ དགང་མོའི་དུས་ཚོད་༨ པ་ཙམ་ལ་ཁུ་ཐང་འགྱིག་ཕོར་གང་དང་མཛུབ་མི་ལྟ་བུ་གོ་རེ་སྐམ་པ་གཉིས་རེ། ཙག་སྒྲའི་སྒམ་ཆུང་ལྟ་བུའི་མར། གཡེར་ཚ་ཤོག་ཐུམ་ཆུང་བ་གཅིག་བཅས་སྤྲད་སོང་བ་འདི་ནི་དགོང་ཟས་ཀྱི་སྔོན་འགྲོ་ཡིན་ནམ། རྒྱ་གར་གྱི་ན་གཞོན་ཕོ་མོ་ཚང་མ་དབྱིན་ཡིག་གི་ཤེས་ཚད་རང་སྐྱ་འཕེར་བ་ཡིན་ནམ། ཁོང་ཚོས་ཕན་ཚུན་ལ་ཁ་བརྡ་བྱེད་སྐབས་རང་སྐད་ཧིན་དྷུ་དང་དབྱིན་སྐད་ཁྱད་མེད་དུ་བཤད་ཅིང་། གོས་གྱོན་སྟངས་དང་ཟས་ཟ་སྟངས། སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་སོགས་དེང་རབས་ཀྱི་མིའི་ཁྱད་ཆོས་གསལ་བར་མངོན་འདུག་ལ། ང་ནི་ཁོ་ཚོའི་གྲོས་ནས་གྲོང་གསེབ་ཀྱི་མི་ཞིག་དང་འདྲ་མོད། ངས་ཀྱང་རང་གིས་གང་ནུས་ཚོད་ཀྱིས་འཛེམ་ཟོན་རིང་དུ་སྤངས་པའི་སྲོལ་གྱིས་ཁོ་ཚོ་དང་མཉམ་དུ་ཁ་བརྡ་སྣ་ཚོགས་བྱེད་རོགས་བྱས། རྒྱ་གར་དུ་རྐུ་བྱེད་མཁན་ལ་ཧ་ཅང་སྡང་ཞིང་ཆེས་ཏ་ཤལ་དུ་བརྩི་བས་མེ་འཁོར་ནང་དུ་རྐུ་མ་ཧ་ལམ་མེད་པ་འདྲ་ལ། འཁོར་སྒམ་བསིལ་རླུང་ཅན་AC ཅན་གྱི་ནང་དུ་རྐུ་བྱེད་མེད་ཚོད་རེད། ང་ཚོས་རང་རང་གི་ལག་ཀྱེར་ཁ་པར་དང་པར་ཆས། རྩིས་འཁོར་དང་སོགས་གང་བྱུང་གློག་གསོག་པ་དང་དཔེ་དེབ་དང་ཟིན་དེབ་སོགས་འདུག་སྟེགས་དང་ཅོག་ཙེའི་ཐོག་གང་སར་བཀྲམས་འདུགཔར་བལྟས་ན་སློབ་ཁང་ནང་དུ་ཡོད་སྣང་སྟེར་གི ང་ད་ཐེངས་རྒྱ་གར་ལྷོ་ཕྱོགས་སུ་འགྲུལ་བཞུད་བྱེད་དོན་ནི་གཙོ་བོ་ར་མ་ཡ་ཎའི་གཏམ་རྒྱུད་བྱུང་སའི་ཡུལ་དེ་དག་ཏུ་འགྲོ་འཆར་ཡིན་པས། ཞང་ཞིང་བས་མཛད་པའི་ར་མ་ཡ་ཎའི་གཏམ་རྒྱུད་ཀྱི་རྟོགས་བརྗོད་དཔེ་དེབ་རྒྱུ་ཆ་འཚོལ་སྤྱད་དུ་ཁྱེར་ཡོད་པ། ད་དུང་ A concise Encyclopedia of Buddhism ཞེས་པའི་དབྱིན་དེབ་ཅིག་ཀྱང་ཁྱེར་ཡོད་པ་ཕན་ཚུན་ལ་ངོ་སྤྲོད་དང་རྒྱུས་ཡོད་བྱས། ར་མ་ཡ་ཎའི་གཏམ་རྒྱུད་ཀྱི་སྐོར་དེར་ཁོང་ཚོས་ཧ་ལས་ལས་བྱས་ཏེ་དྲ་བོ་མང་དུ་བཏང་སོང་པར་ངས་ཀྱང་གང་ཤེས་ཀྱིས་ལན་བཏབ་པ་ཡིན། ད་དུང་ངའི་རྩིས་འཁོར་ཀྱི་ཤེལ་སྒོའི་ངོས་སུ་༸གོང་ས་མཆོག་གི་པར་ཡིད་འཕྲོག་པ་ཞིག་བཟག་ཡོད་པ་མཐོང་འཕྲད་ང་ཚོའི་དེ་དང་འཕྲོས་ནས་བོད་དོན་སྐོར་ཀྱང་གླེང་སློང་མང་དུ་བྱས། ཁོ་ཚོ་ཕལ་ཆེ་བས་བོད་དོན་སྐོར་ལ་རྒྱུས་མངའ་ཆེན་པོ་འདུག་མོད། ཡང་ལ་ཤོས་ཀྱིས་ནི་བོད་ཟེར་བ་ས་དང་གང་ཡིན་པའང་ཤེས་ཀྱི་མི་འདུག དེ་ལྟ་མཚན་མོའི་དུས་ཚོད་དང་པོ་ཡོལ་ཙམ་ལ་ཁོང་ཚོ་རེ་རེ་བཞིན་ཉལ་ནས་གཉིད་སོང་། མེ་འཁོར་གྱིས་ཐྲོག་སྒྲ་རྒྱུན་མི་ཆད་ཀྱང་ང་ཚོ་དེ་རིང་བཟའ་བཏུང་གིས་ཧ་ཅང་འགྲང་བ་དང་ཁ་བརྡའི་དུས་ཡུན་རིང་བས་ཡིན་ནམ། གང་ལྟར་ཚང་མ་གཉིད་ཀྱི་ཞིང་ཁམས་སུ་ཡུར་སོང་། ངས་ཉིན་ཐོ་རགས་ཙམ་བྲིས་རྗེས་ཉལ་ཁྲི་གྱི་ཡོལ་བ་འཐེན་ཏེ་མིག་གཉིས་བཙུམས་པ་ཡིན། 27th Jan 2011. Delhi to Pune. on the train. ལྷོ་བཞུད་ཀྱི་མེ་འཁོར་ཉིན་མཚན་ཐོག་ཐག་ཏུ་སོང་སོང་མཐར་སྤྱི་ཚེས་༢༨ ཀྱི་ཞོགས་པའི་དུས་ཚོད་༧ དང་ཕྱེད་ཀར་ཕོ་ནེ་(Pune) ཞེས་པའི་གྲོང་ཁྱེར་གྱི་འབབ་ཚིགས་སུ་འབྱོར། འགྲུད་བཞུད་སྐབས་ས་གནས་གང་ཞིག་ཏུ་འབྱོར་འཕྲད་འདུག་གནས་འཚོལ་དགོས་པ་གལ་ཆེ་ཞིང་། ངེད་གཉིས་ཀྱིས་ཀྱང་ཐོག་མར་མགྲོན་ཁང་ཞིག་ཨེ་རྙེད་ལ་ལྟ་དགོས། འབབ་ཚིགས་འདི་ཧ་ཅང་ཆེན་པོ་ཞིག་མིན་ཡང་མི་ཚོགས་རྣམས་ནི་མགོ་ལུས་ཡོངས་རྔུལ་ཆུས་བརླན་འདུག་ནའང་རྒྱབ་ཁུག་དང་རས་ཐུམ་ཆེ་ཆུང་འདྲ་མིན་མགོ་དང་རྒྱབ་ལ་ཁུར་ཏེ་ཕར་འགྲོ་ཚུར་ཡོང་གིས་འཚང་ཁ་ཧ་ཅང་ཆེ་ལ། གཅིག་གི་ཐོག་ལ་གཉིས་མ་བུད་ཙམ་བྱས་ནས་འགུལ་གྱིན་འདུག ངེད་གཉིས་ཀྱང་རང་རང་གི་རྒྱབ་ཁུག་རན་ཙམ་དེ་ཁུར་ཏེ་འཚང་ཁའི་ཁྲོད་ནས་འབབ་ཚིགས་ཀྱི་སྒོར་བུད། འགྲུལ་འཁོར་ཁ་ལོ་པ་ཚོས་རང་གི་ངོ་ཤེས་ཤིག་ལ་འཕྲད་པ་ལྟར་སྐད་ཆ་རྡབ་རྡིབ་རེ་བཤད་བཞིན་རྒྱབ་ཁུག་འཕྲོག་མ་ཁུར་གྱིས་གླ་འཁོར་ཞིག་ཏུ་བརྫངས་རྗེས་གང་མགྱོགས་ནང་དུ་བཞུགས་ཟེར། གང་དུ་འགྲོ་དགོས་པ་དང་གོང་ཚོད་དུ་ཡིན་ལ་སྐད་ཆ་འདྲི་དབང་ཡང་མི་འདུག འདི་ནི་རྒྱ་གར་གྱི་ས་གནས་གང་སའི་འགྲུལ་འཁོར་ཅུང་བའི་ཁ་ལོ་པ་ཚོའི་ལམ་ལུགས་སྲོལ་རེད་འདུག ངས་ཤེས་ཚོད་ལ་ཕོ་ནེ་གྲོང་ཁྱེར་དུ་འདུག་གནས་ཁུ་སིམ་པོ་དང་གོང་ཚོད་རན་པའི་ས་གནས་གཉིས་འདུག གཅིག་ནི་མེ་འཁོར་འབབ་ཚིགས་ཀྱི་ཉེ་འཁྲིས་དག་དང་གཞན་དེ་ནི་ཁོར་གྷོན་སྤྱི་གླིང་(Koreguan Park.) ཞེས་པ་དེ་གཉིས་ཡིན་ཞེས་ཡུལ་སྐོར་ལམ་ཡིག་དེབ་རྒན་དེར་བྲིས་འདུག ངོ་ཤེས་སུ་ཡང་མེད་ས་ནས་དེབ་རྒན་དེར་ཡིད་ཆེས་རྐྱང་བྱེད་ན་ལས་ཐབས་མི་འདུག མེ་འཁོར་དག་ནི་ཟང་ཟིང་ཅུང་ཆེ་ཞིང་འཁྱམ་མྱུལ་བྱེད་སའང་ཆེར་མེད་པ་ཡིན་འདྲ། གང་ལྟར་ངེད་གཉིས་ཁོར་གྷོན་སྤྱི་གླིང་(Koreguan Park line 1) ཡོད་ས་དེར་འགྲོ་རྒྱུ་བྱས། མེ་འཁོར་འབབ་ཚིགས་ནས་ཁོར་གྷོན་སྤྱི་གླིང་བར་དུ་ཧིན་སྒོར་༣༠ སྤྲད། གླ་འཁོར་ཁ་ལོ་པ་དང་འགྲུལ་ཁང་འཚོལ་མཁན་ཚོས་གཡས་འཐེན་གཡོན་འཐེན་བྱས་བྱས་མཐར་རྒྱ་གར་བ་ནག་རིལ་ཟིག་གིས་རྐྱང་ཐང་མར་ལམ་རྒྱུས་བྱས། སྒོར་༡༠ སྤྲད་པས་ངའི་ངེད་གཉིས་ཀྱི་འདོད་པར་རན་པའི་འདུག་གནས་ཁང་ཆུང་ཞིག་གཏན་འཁེལ་བ་ཡིན། ཁང་པ་ཅུང་ཆུང་ལ་ནང་དུ་ཉལ་ཁྲི་ཆེ་བ་གཅིག ཅོག་ཙེ་གཅིག་དང་དཔེ་སྒྲོམ་གཅིག གསང་སྤྱོད་ཁྲུས་ཁང་ཕྱི་ན་འདུག་མོད། ཁང་པའི་ཕྱི་ནང་གཙང་དག་གྲ་འགྲིག་པོ་ཞིག་འདུག་ལ་ཉིན་རེར་ཧིན་སྒོར་བཞི་བརྒྱ་རེད་འདུག གཡས་གཡོན་དུ་གཞུང་ལམ་དང་སྣུམ་འཁོར་གྱི་སྒྲ་སོགས་མེད་པར་ཧ་ཅང་ཁུ་སིམ་པོ་དང་ཁ་དབུགས་ཀྱང་དྭངས་གཙང་དང་ལྷོད་ཤ་ལྡན་པའི་གནས་ཤིག་རེད་ཨང་སྙམ། གཟུགས་པོ་ཁྲུས་རྗེས་ངལ་གསོ་ཅུང་བྱས། དེ་ནས་ཕྱི་རུ་ཟ་ཁང་འཚོལ་དུ་སོང་བ་ཡིན། རྐང་ཐང་མར་མགྲོན་ཁང་གི་གཡས་ཕྱོགས་བརྒྱུད་གཞུང་ལམ་ཆེན་པོ་ཞིག་གི་ཕར་ཁར་སོང་ན་གྲོང་ཁྱེར་གྱི་ཁང་བརྩེགས་མང་ལ་ཟིང་ཆ་ཆེ། ཚོང་ཁང་ཆེཆུང་འདྲ་མིན་མང་ནའང་ཟ་ཁང་ནི་མཐོང་དཀོན་སེ་འདུག་སྟེ། དྷ་རམ་ས་ལའི་འབད་འབད་ལྷུག་ལྷུག་གི་ཟ་ཁང་ཆེ་ཆུང་དག་དྲན་སོང་། ཡིན་ཏེ་དྷ་ས་ལག་མཐིལ་འདྲ་བོ་དེར་ཟ་ཁང་ཆེ་ཆུང་༨༧ ཡོད་པས་སོ།། ཚོང་ཁང་ཆུང་བ་ཞིག་ལས་སྟབས་བདེ་ཐུག་པ་དང་ཀ་ར་གོ་རེ། སྐོམ་ཆུ་སོགས་འདྲ་མིན་ཉས་ཕྱིར་འགྲོན་ཁང་དུ་ཡོང་། གློག་ཆུ་སྐོལ་ཏེ་ཐུག་པ་སྦངས། ཀ་ར་གོ་རེ་དང་སྐོམ་ཆུ་སོགས་རྒྱ་གར་ལྷོ་ཕྱོགས་ཀྱི་བཟའ་བཏུང་ཐེངས་དང་པོ་དེར་རོལ། ལུས་སེམས་གཉིས་ཀ་ཅུང་ལྷོད་དུ་བབས་པས་གུང་ཉལ་བྱས། ཕྱི་དྲོའི་དུས་ཚོད་༤ ཙམ་ལ་གཉིད་སད། ཚ་བ་ཅུང་ཡོད་ཀྱང་གཟུགས་པོ་ཁྲུས་རྗེས་ཕྱི་རུ་འཆམ་འཆམ་བྱས། ཕོ་ནེ་གྲོང་ཁྱེར་དུ་ཧུན་དྷིའི་ལུགས་སམ་རྒྱ་གར་བའི་ཆོས་ལུགས་ཀྱི་ལུས་སྦྱོང་སྟེ་གནས་ཆེན་པོ་གྲགས་ཆེ་བ་གཉིས་ཡོད། དུས་རབས་ཉི་ཤུ་བའི་རྒྱ་གར་གྱི་བསམ་བློ་བ་ཨོ་ཤོ་Osho དང་བྷེ་ཁེ་ ཨེ་ལི ཨར་ཡང་དགའ་B.K.S.Iyengar གཉིས་ཀྱི་ཡོ་གྷའི་སྟེ་གནས་གཉིས་ཡིན་པར་བཤད། ཨོ་ཤོ་Osho ཡི་ལུས་སྦྱོང་སྟེ་གནས་དེ་ Koreguan Park line 1 ཞེས་པའི་གཞུང་ལམ་དུ་འདུག་ཅིང་ངེད་གཉིས་འདུག་ས་ནས་སྤྱི་གཅིག་ལྷག་ཙམ་ཡིན་ནམ། སྲང་ལམ་དེ་དེད་ནས་སོང་ན་གཞུང་ལམ་གཡོན་ཕྱོགས་སུ་སྒོ་ཆེན་ཡངས་པོ་ཞིག་འདུག་ལ། ཉེ་འཁོར་ཚང་མར་དྲག་ཆས་དམག་མི་དང་ཉེན་རྟོགས་པ་ཕྲག་མགོར་སྐར་རྟགས་གསུམ་དང་གཉིས་ཅན་མང་པོས་སྐོར་སྲུང་དམ་པོ་བྱེད་བཞིན་འདུག སྔར་ཡིན་ན་ཉིན་གཅིག་སྔོན་དུ་ཐོ་འགོད་བྱས་ཚེ་ཕྱི་ཉིན་སྒོར་བཅུ་སྤྲད་དེ་ནང་དུ་གནས་སྐོར་བྱས་ཆོག་ཅིང་། དཔེ་མཛོད་ཁང་དཔེ་དེབ་ལྟ་ཀློག་དང་ཨོ་ཤོའི་གསུང་བཤད་བརྙན་ཕབ་སོགས་ལ་ལྟ་ས། སྒོམ་སྒྲུབ་ཁང་དུ་སྒོམ་རྒྱག་པ་དང་སློབ་གཉེར་ཁང་དེའི་ཁོ་ར་ཁོར་ཡུག་མྱུལ་བ་སོགས་བྱས་ཆོག་མོད། དེང་སང་ཚང་མར་འགྱུར་བ་བཏང་སྟེ་སྔར་གྱི་ལམ་ལུགས་དེ་ཚོ་རྩལ་ཡལ་གྱུར་འདུག ༼འདི་དག་ནི་སྒོ་ཁའི་སྣེ་ལེན་པས་ཟེར། ༽ སྒོ་འགྲམ་གྱི་སྒོམ་སྒྲུབ་བམ་ལུས་སྦྱོང་བྱེད་པའི་ཐོ་འགོད་ཡིག་ཆུང་དེར། “ཉིན་གཅིག་ལ་སྒོམ་སྒྲུབ་དང་འཛིན་གྲྭར་འགྲོ་ན་སྒོར་༡༠༡༠ དང་། ཕྱི་ཟླ་དང་པོའི་ཚེས་ ༢༨ ནས་༣ པའི་ཚེས་༢༨ བར་དུ་སྒོམ་སྒྲུབ་དང་འཛིན་གྲྭར་འགྲོ་བའི་གླ་ཡོན་ཧིན་སྒོར་༥༠༠༠ དང་༥༥༠༠༠ ”རེད་འདུག ༼དེ་རིང་ནི་ཏག་ཏག་ཕྱི་ཟླ་དང་པོའི་ཚེས་༢༨ ཡིན་པས་ཐོ་འགོད་རྗེས་མ་ཟིན།༽ ཡང་ཕྱི་ཟླ་༣ པའི་ཟླ་མཇུག་ནས་༡༠ པའི་ཟླ་མཇུག་བར་དུ་གོང་མཚུངས་དང་། ཡང་ན་༣༩༠༠ ནས་༤༤༠༠ ཙམ་རེད་འདུག སྟེ་གནས་ཁང་འདིའི་ནང་དུ་འགྲོ་མ་ཐུབ་པར་སེམས་ནས་ཅིག་ཆད་འདུག་པའི་སྣང་བ་འདུག་ལ། ཉིན་གཅིག་ལ་ཧིན་སྒོར་ཆིག་སྟོང་ལྷག་སྤྲད་ནས་སྐོར་འཚམ་བྱེད་པར་སྒོར་ཁུག་གིས་ཁ་ཉན་མ་སོང་། ཨོ་ཤོའི་སྒོམ་སྒྲུབ་ཁང་གི་གཡས་གཡོན་དག་ནི་ཁུ་སིམ་པོ་དག་གཙང་དག་ཡིན་ཁར་ཚོང་ཁང་དང་ཟ་ཁང་སོགས་མི་འདུག་ལ། གཞུག་ལམ་ཆེན་པོ་དེའི་གཡས་གཡོན་དག་ནི་དཔང་མཐོ་ལ་ལྗང་ལྡེམ་མེའི་ཤིང་སྡོང་གི་ལོ་མ་རླུང་གིས་བསྒུལ་བས་གྲི་བསིལ་དང་བསིལ་རླུང་གི་བདེ་སྣང་བརྗོད་དུ་བྲལ། ༼ འདིའི་སྐོར་ཞིབ་ཏུ་ www.Osho.com/ དང་ཡང་ན་google ནང་དུའང་འདིའི་སྐོར་གྱི་ཤེས་བྱ་མང་དུ་རེག་ངེས་ཡིན་ནོ། །༽ སྲང་ལམ་ཆེ་ས་ཞིག་ཏུ་ནར་ཡའི་སྐོམ་ཆུ་རེ་འཐུང་རྗེས་སྤྲོ་འཆམ་བྱེད་བཞིན་ཕྱིར་འདུག་གནས་སུ་ཡོང་། ལམ་ཁར་མགྲོན་ཁང་གི་ཐག་ཉེ་སར་ཕྱི་གླིང་བ་མང་པོ་འདུ་སའི་ཟ་ཁང་ཆུང་བ་གཉིས་འདུག་པ་མཐོང་བ་དོ་དགོང་གི་དགོང་ཟས་ཟ་སར་གཏན་འཁེལ། གཟུགས་པོ་ཁྲུས་རྗེས་ངལ་གསོས། ཁ་བརྡ་སྣ་ཚོགས་བྱས་ཤིང་སང་ཉིན་གྱི་འགྲོ་ཡུལ་དང་འགྲོ་སྟངས་གཏན་འཁེལ་བྱས། དགོང་མོ་ས་མ་རིབ་ཙམ་ལ་གཟུགས་པོ་ཁྲུས་ཏེ་སྒོ་ཕྱི་རུ་བུད། མགྲོན་ཁང་ནས་ཁ་ནུབ་ཏུ་སྤྱི་ལེ་ཕྱེད་ལྷག་ཙམ་ཡོང་ན་ད་གིན་མཐོང་བས་ཟ་ཁང་དེ་གཉིས་ཡོད་ས་འབྱོར། མགོ་སེར་དང་མགོ་ནག་མང་པོས་འཚང་ཁ་རེད་འདུག་མོད། ཟབས་ཞུ་བས་ངེད་གཉིས་ལ་འདུག་ས་བཀོད་སྒྲིག་བྱས་སོང་། ངས་རང་ཉིད་དགའ་སའི་རྒྱ་གར་ལྷོ་ཕྱོགས་ཀྱི་འབྲས་ཆེན་དང་སྒོ་ང་སོགས་བསྲེས་ཡོད་པའི་བྷིར་ཡ་ནེ Biryany སྡེར་མ་གང་དང་། སྲན་ཞོ་བསྲེགས་མ་སྡེར་མ་གང་། ལིམ་ཆུ་མངར་མོ་དགོང་ཟས་བྱས། ཡང་བསྐྱར་ལིམ་ཆུ་ཤེལ་ཕོར་གང་བཅས་ཟས་རིན་སྒོར་༡༢༠ དང་ཞབས་ཞུ་བར་སྒོར་༢༠ བཅས་༢༠༠ སྤྲད་རྗེས་འཆམ་འཆམ་བྱེད་བཞིན་ནང་དུ་ལོག བོད་ཡིག་གི་དྲ་རྒྱ་དག་མྱུལ། དུས་བབ་དང་བང་ཆེན་གཉིས་ལ་རྒྱལ་ལ་ཀརྨ་པར་དངུལ་ཕོན་ཆེན་པོའི་རྙོག་གླེང་བྱུངཚུལ་བཀོད་འདུག་པར་བློ་འཚབ་དང་། རྒྱ་གར་ཉེན་རྟོགས་པ་དེ་ཙོར་ཁོང་ཁྲོ་ཟོས། མཚན་མོའི་དུས་ཙོད་༡༠ རྗེས་སུ་དུས་བབ་ལས་གསར་གནས་དེ་ཕྱིར་བསྡུས་ཟིན་འདུག་པར་དོག་པ་དང་བློ་བདེ་ཙམ་བྱུང་། ཟིན་ཐོ་བྲིས་རྗེས་མིག་གཉིས་བཙུམས་པ་ཡིན། 28th Jan 2010. Pune.Koreguan Park 1. ད་ནངས་ཞོགས་པར་དུས་ཚོད་༧ ཙམ་པ་གཉིད་སད་བྱུང་། བརླ་དང་ཨོང་ཤ དཔུང་བ་སོགས་དག་སྦྲང་གིས་ཏག་ཏག་བཟོས་འདུག མདང་དགོང་ཧ་ཅང་ཐང་ཆད་ཡོད་པས་དུག་སྦྲང་གི་མཆུ་ཏོ་རྣོ་པོ་དེ་གང་སར་བསྣུན་ཡང་གཉིད་མ་སད། སྡུག་སྨྲེ་འདོན་བཞིན་གཟུགས་པོ་ཁྲུས། མཛའ་མོར་སྨན་ཆུ་བྱུགས་སུ་བཅུག་པས་ཅུང་བདེ་སྣང་བྱུང་ཡང་གཟུགས་པོ་ཧྲིལ་བོ་དམར་ཏར་རེར་འབུར་ཏོ་ཐོན་འདུག ཁྱད་མཚར་བ་ལ་ཁོ་མོར་དུག་སྦྲང་གིས་སོ་གཅིག་ཀྱང་བཏབ་མི་འདུག ཞེ་ནས་སྙིང་ལངས་སོང་། ཕོ་ནེ་ཡི་དྲུག་སྦྲང་དེ་ཚོ་ཕོའིརིགས་ལ་སྡང་བ་འདྲ། ཆུ་ཕོར་བ་གང་བསྐོལ་ཏེ་འཚིག་ཇ་བཟོས། དྲ་ལམ་མྱུལ་ནས་མདང་དགོང་གི་རྒྱལ་བ་ཀརྨ་པའི་སྐོར་གྱི་གསར་འགྱུར་དེ་ལྟས། དྲ་ངོས་ལས་བླངས་ཚར་བ་ཡིན་ནམ། མཐོང་མ་སོང་བས་མདང་དགོང་གི་གསར་འགྱུར་དེ་སུ་ཟིག་གིས་ཆེད་དུ་དཀྲོགས་གཏམ་བཟོས་པ་ཡིན་ནམ་སྙམ། སྔ་དྲོའི་དུས་ཚོད་༡༠ ཡོལ་ཙམ་ལ་གླ་འཁོར་ཞིག་ལ་བསྡད་དེ་ཨར་ཡང་དགའ་B.K.S.Iyengar ཞེས་པའི་ཡོ་གྷའི་སྟེ་གནས་དེར་སོང་། ཨར་ཡང་དགའ་B.K.S.Iyengar ལགས་ནི་༡༩༡༨ ལོ་སྐྱེས་ཤིང་ཆུང་དུས་ནས་གཟུགས་གཞི་བདེ་མེད་པས་ཁོང་གི་ཨ་ཕས་ཕོ་ནེ་རུ་ཡོ་གྷའི་དགེ་རྒན་ཞིག་གི་མདུན་དུ་སྐྱེལ། ཡོ་གྷ་སྟེ་ལུས་སྦྱོང་བྱས་མཐར་ས་དེའི་ལུས་སྦྱོང་བ་གྲགས་ཅན་ཞིག་ཏུ་གྱུར་ཅིང་། དེང་སང་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཡོ་གྷའི་ཁྲི་ཕྲག་བསྐྱངས་དང་སྐྱོང་བཞིན་པ་དང་། ཡོ་གྷའི་སྐོར་ལ་དཔེ་དེབ་གྲགས་ཅན་༧༠ ལྷག་བརྩམས། རྒྱ་གར་རྒྱལ་ཡོངས་མཐོ་རིམ་སློབ་གཉེར་ཁང་བརྒྱ་ཕྲག་གིས་གདན་ཞུས་སློབ་དཔོན་དང་མཁས་པ་དང་སློབ་དཔོན་ཆེན་མོའི་མཚན་གནས་ཕུལ་པ་དེང་སང་ཁོང་གི་ཡོ་གྷའི་སློབ་གཉེར་ཁང་དུ་མཇལ་རྒྱུ་འདུག ཁོང་དེང་སྐབས་དགུང་ལོ་༩༣ དང་གཟུགས་གཞི་བདེ་ཐང་ཡིན་ལ་སློབ་ཕྲུག་གཙོ་གྲོས་དག་ལ་ཁོང་སྐུ་དངོས་ཀྱིས་ལུས་སྤྱོང་གི་གདམས་པ་གནང་བཞིན་བཞུགས། ད་དུང་ཁོང་གི་བུ་ཆེ་བ་ཕི་ར་ཤནྡ་( Prashant ) དང་བུ་མོ་གྷེ་ཏ་( Geeta S.Iyengar.) གཉིས་ཀྱིས་ཀྱང་སློབ་གཉེར་ཁང་དེར་འཛིན་སྐྱོང་དང་ལུས་སློབ་སྦྱོང་སློབ་ཕྲུག་གཉེར་མུས་རེད་འདུག་ཅིང་། ཁོང་གཉིས་ལའང་ལུས་སྦྱོང་སྐོར་གྱི་དཔེ་དེབ་འགའ་རེ་འདུག་པ་དྲ་ཐག་(www.b.k.s.Iyengar.com/ ) འདི་ལས་གཟིགས་འཚལ། མཛའ་མོའི་ཁོ་མོར་དགོས་པའི་ཡོ་གྷའི་ཅ་དངོས་མང་པོ་ཉོས། གདན་མཐུག་པོ་༡༠ དང་ལེབ་ཞིང་ཅན་གྱི་ཐག་༢༠ ། དཔེ་དེབ་འགའ་དང་འོད་སྡེར་མང་པོ་སོགས་ལྗིད་ཙམ་ཡོད་པས་ཁྱེར་རོགས་བྱེད་མི་འདོད་ཀྱང་ཁ་ནས་འབུད་མ་ཐུབ། ཕྱིར་ཡོང་ནས་ངལ་གསོས། ཕྱི་དྲོ་གྲོང་ཁྱེར་ནང་གང་སར་མྱུལ་ཁུལ་བྱས་ཀྱང་སྤྲོ་སྣང་མེད་ཁར་ཐང་ཆད་སོང་། མགྲོན་ཁང་དང་ཐག་ཉེའི་ཟ་ཁང་ཆུང་བ་དྲན་ནི་ཞིག་རེད། ཕྱིར་ཡོང་ནས་དགོང་ཟོས་བྱས། དོ་དགོང་སྦི་རགས་དང་བྱ་ཤ་བསྲེགས་མ་ཡིན། སྤྱིར་ཚ་བ་ཆེ་ས་ནས་ཤ་དང་སྒོ་ངའི་རིགས་ནི་ཚ་བ་འཕེར་བའི་ཟས་རིགས་ཡིན་མོད། ཧ་ཅང་ཟ་འདོད་ལངས་པས་འགོག་མ་ཐུབ། མཛའ་མོ་ནི་ཤ་མེད་ཡིན་པས་ཁ་གཉེར་སྣ་གཉེར་བྱེད་བཞིན་དོ་དགོང་རུམ་ནས་ཉལ་འཇུག་གི་མིན་ཞེས་མིག་མིག་བཏོན་ཀྱང་ཁ་ཡ་ཆེར་བྱས་མེད། ཤ་ཆང་རེ་བྱས་ན་ལུས་སེམས་ལྷོད་ལ་འབབ་སྣང་སྟེར་གི བདེན་མིན་མི་ཤེས། ཕྱིར་ཡོང་ཁར་ཅུང་བཟི་འདུག་མོད། ནང་དུ་ཡོང་ནས་ཇི་ལྟར་གཉིད་ཁུག་པའང་མ་ཤེས། ༼ཟིན་ཐོ་འདི་ཕྱི་ཉིན་བྲིས་པ་ཡིན།༽ 29th Jan.2010. Pune. Koreguan Park 1. ང་འདུག་ས་ནས་མེ་འཁོར་འབབ་ཚིགས་བར་དུ་སྤྱི་ལེ་གཉིས་ཙམ་ལས་མི་འདུག་མོད། རྐང་གསུམ་སྣུམ་འཁོར་ལ་བསྡད་ན་ཧིན་སྒོར་༣༠ རེད། ས་འདི་ནས་སྣུམ་འཁོར་ལ་འདུག་ན་མེ་ཊར་ཞེས་པའི་དུས་ཚོད་ལ་བལྟས་ཏེ་གོང་ཚང་གཏན་འབེབ་བྱེད། ཕོ་ནེ་གྲོས་ཁྱེར་ནས་ལྷོ་ཕྱོགས་གྱི་མཚོ་འགྲམ་གྷོ་བ་དབར་དུ་སྤྱི་རླངས་དང་མེ་འཁོར་གང་ལ་འདུག་ཆོག་ཅིང་། ཉིན་མཚན་དབྱེར་མེད་དུ་འགྲུལ་བཞུད་ཀྱི་འཚང་ཁ་ཧ་ཅང་ཆེ་ལ། མཚན་མོ་སོང་ན་ཚ་བ་མེད་ལ་པས་ལམ་འགྲམ་གཡས་གཡོན་གྱི་མིག་གི་ལོངས་ལ་རོལ་མི་ཐུབ། རླངས་འཁོར་ནི་ཡག་ཉེས་གཉིས་ཀ་འདུག་ཅིང་གོང་ཚད་ཡང་ནང་དུ་བསིལ་རླུང་ཡོད་མེད་ཀྱིས་ཐག་གཅོད། བསིལ་རླུང་ཅན་ཧིན་སྒོར་༨༠༠ དང་གཞན་དེར་༦༠༠ རེད་འདུག ཕོ་ནེ་ནས་གྷོ་བ་བར་དུ་སྤྱི་ལེ་དུ་ཡོད་མ་ཤེས་མོད་དུས་ཚོད་༡༡ ནས་༡༢ ཙམ་ལ་འགྲོ་དགོས། མེ་འཁོར་སྤ་སེ་རེག་ཚེ་ཡག་ཤོས་རེད་པས་དེ་ནི་ཉིན་གཅིག་གི་སྔོན་ནས་མངགས་ཉོ་བྱེད་ན་ལས་ཐོབ་ཐབས་དཀའ་མོད། ཕ་ནེ་ནས་གྷོ་བ་དབར་དུ་མེ་འཁོར་སྤེ་སེ་ལ་ཧིན་སྒོར་༣༡༨ དང་Tatkal ཞེས་ཛ་དྲག་གི་སྤ་སེ་ཉོས་ན་ཧིན་སྒོར་༣༩༦ རེད་འདུག་པས་ངས་སྤ་སེ་གཉིས་ཉོས་ཏེ་འབབ་ཚིགས་ནས་ཕྱིར་ཐོན་བྱས། ཏག་ཏག་སྒོ་ཕྱིར་འབྱོར་སྐབས་གདོང་མདོག་བོད་པ་འདྲ་བའི་མོ་གཞོན་ཞིག་དང་བུ་མོ་ཆུང་ཆུང་ཞིག ཕོ་ལོ་༣༥ ཡས་མས་ཞིག་མིན་སྙམ་ལ་གསུམ་ལ་ཐུག ངས་ཁོང་ཚོ་འབྲུག་འབྲས་ལྗོངས་པ་ཞིག་ཡིན་ནམ་སྙམ་མོད། ཁོང་ཚོ་ཧོབ་ལེ་Hubli ཞེས་པར་འགྲོ་མཁན་བོད་མི་གསུམ་རེད་འདུག་ལ། སྐད་ཆའི་སྒྲ་གདངས་ལས་ཁམས་ཕྱོགས་ཤིག་ནས་ཡིན་པ་ཤེས་ཐུབ། ཧོབ་ལེ་ཞེས་པ་ནི་སེ་འབྲས་དགའ་གསུམ་སོགས་དགེ་ལུགས་ཀྱི་གདན་ས་ཆེན་པོ་གསུམ་ཡོད་པའི་ཐག་ཉེའི་འབབ་ཚིགས་ཤིག་རེད། ཁོང་གསུམ་གྱི་འགྲུལ་བཞུད་སྤ་སེ་ནི་འདུག་ས་གཏན་མ་འཁེལ་བའི་སྒུག་སྡོད་( waiting list.) ཞེས་པ་དེ་རེད་འདུག་པས་ཁོང་ཚོས་མེ་འཁོར་མ་སླེབས་སྔོན་དུ་རང་གི་འདུག་ས་གཏན་འཁེལ་ཡོད་མེད་མ་ཤེས་ཚེ་འཁོར་སྒམ་གང་དུ་འཛུལ་རྒྱུར་དཀའ་ངལ་ཡོད།༼དེའི་སྐོར་ངའི་རྡོ་རྗེ་གདན་གྱི་ཟིན་ཐོ་ཞིག་ཏུ་བྲིས་ཡོད།༽ རྒྱ་གར་གྱི་མེ་འཁོར་འབབ་ཚིགས་ཆེ་ས་དག་ཚང་མར་འདི་ལ་ལྟ་སའི་རྩིས་འཁོར་ཡོད་པས་རང་ཉིད་ཀྱི་ལྟ་ཆོག་མོད། ཁོང་ཚོས་དེ་ལ་ཅི་ལྟར་ལྟ་དགོས་མིན་མི་ཤེས་པས་ང་མཏོང་འཕྲལ་མདུན་དུ་ཡོང་ནས་ཐད་ཀར་བོད་སྐད་བཤད། ཏག་ཏག་ཁོང་ཚོས་ང་བོད་ཞིག་ཡིན་པ་ཞེས་པ་འདྲ་ཞིང་། ངས་ཀྱང་ས་འདི་ནས་བོད་མི་ཞིག་ལ་ཐུག་པ་བསམ་བློར་འཁོར་མ་སོང་། གང་ལྟར་ངས་ཁོང་ཚོའི་སྤ་སེ་གཏན་འཁེལ་ཡོད་མེད་རྩིས་འཁོར་ལས་བལྟས་ཏེ་མི་གཅིག་མ་གཏོགས་འདུག་ས་གཏན་འཁེལ་མི་འདུག་ཀྱང་། གཞན་གཉིས་ཀྱང་གཅིག་དེ་འདུག་སར་འཚང་ཁ་བྱས་ན་འཐུས་ཚུལ་ཁ་གསལ་འགྲེལ་བཤད་བྱས་ཤིང་། སྤྱིར་འདུག་ས་གཏན་འཁེལ་མེད་ཚེ་སྤེ་སེ་ཞིབ་བཤེར་པ་སླེབས་སྐབས་མེ་འཁོར་ལས་ཕྱིར་ཕུད་ཀྱང་བྱེད་སྲིད་མོད། མི་གཅིག་ལ་འདུག་ས་རེག་པས་ཁོང་ཚོར་དཀའ་ངལ་མེད་ཚུལ་སེམས་གསོ་དང་བཅས་ལམ་འཇུག་བྱས་རྗེས་གླ་འཁོར་ལ་བསྡད་དེ་རང་གནས་སུ་ལོག ཉིན་གུང་ཚ་བ་ཅུང་ཆེ་བས་སྒོ་ཕྱིར་འཁྱམ་ས་ཆེར་མི་འདུག་ལ་མི་ཚོགས་ཀྱང་མེད་པས་མགྲོན་ཁང་གི་ཉ་སར་ཡོད་པའི་ཟ་ཁང་ཆུང་བ་དེར་སོང་། མགོ་མང་པོས་འཚང་ཁ་རེད་འདུག་ལ་ངས་ཞོགས་པ་གུང་ཟས་གཉིས་ཀ་གཅིག་ལྕོག་གིས་གུང་ཚིགས་མངགས་པ་ཡིན། ཚ་བ་ཆེ་ས་ནས་ཤ་སྒོང་ནི་ཚ་བ་འཕེར་བྱེད་ཀྱི་ཟས་རིགས་ཤིག་ཡིན་མོད། ཤ་སྒོང་སོགས་ལ་ལོབ་ཆེ་བའི་མི་ཞིག་ལ་མཚོན་དེ་ནི་འགོག་མི་བཏུབ་པ་ཞིག་རེད། སྒོང་འབྲས་དང་ལིམ་ཆུ་མངར་མོ། སྲན་ཞོ་བསྲེགས་མ་ས་བཞིན་ར་མ་ཡ་ཎའི་རྟོགས་བརྗོད་ཀྱི་འཕྲོས་བཀླགས། ༼ར་མ་ཡ་ཎའི་རྟོགས་བརྗོད་སི་ཁྲོན་པར་མའི་ཤོག་ངོས་༢༠ ༽ “འཛིན་མ་རུས་པའི་གོས་དཀར་ཅན།། བར་བར་ཁྲག་གི་ལྟེང་ཀ་འཁྱིལ།། ལ་ལར་ཁྲག་རྒྱུན་དྲོན་མོ་འབབ།། རྒྱུ་མའི་དོ་ཤལ་ཅན་དེ་དག། མཆེ་བ་རིང་བོས་ནུ་མ་གཉིས།། འདྲལ་དོགས་མགྲོན་པ་འདེགས་ཤིང་རྒོད།།” ཞེས་པ་དག་ཀློག་བཞིན་ཞང་ཞུང་ཆོས་དབང་གྲགས་པའི་སྙན་ངག་གི་ཚིག་རྒྱན་སྦྱོར་ཚུལ་དང་ཚིག་རྒྱན་དེ་དག་ལས་དོན་གྱི་གནད་འབྱོན་སྟངས་སོགས་ལ་སྨོན་པ་སྐྱེས། སྙན་ཚིག་དེ་དག་བཀླགས་པའི་ཚོར་རྟོགས་ཀྱི་ཤུགས་ཀྱིས་འཁྱེར་པས། སྙན་ངག་དེའི་ཚིག་དོན་གྱི་རོའི་བྲོ་བ་རྣམས་རང་གི་མཛའ་མོར་ཉན་འདོད་ཡོད་མེད་ལ་བསམ་ཁོམ་མེད་པར་འགྲེལ་བཤད་ལྷུག་ལྷུག་ཏུ་བྱས། སྒྱུ་རྩོམ་རིག་གང་ཞིག་ཡིན་ཀྱང་སྒྱུ་རྩལ་གྱི་ཆ་གཙོ་འདོན་བྱས་པ་དང་སློབ་གཙོའི་ཆ་གཙོ་འདོན་བྱས་པ། ལོ་རྒྱུས་ཀྱི་གནད་ཀ་གཙོ་འདོན་བྱས་པ་དང་ཡང་ཞིབ་འཇུག་གི་ཆ་གཙོ་འདོན་བྱས་པ་དང་ཚོར་བ་ཙམ་པོ་བ་གཙོ་འདོན་བྱས་པ་སོགས་སྣ་ཚོགས་པ་ཡོད་མོད། ངས་ནི་ད་བར་དུ་ལོ་རྒྱུས་དང་ཞིབ་འཇུག་གི་ཆ། ཚོར་བ་ཙམ་བྲིས་པ་ལས་སྒྱུ་རྩལ་དང་སློབ་གསོའི་ནང་དོན་ལྡན་པའི་སྙན་ཚིག་རེ་བྲིས་མ་མྱོང་བ་འདྲ་ཞིང་། དེའི་རིགས་བཀླགས་ཀྱང་མེད་དམ་སྙམ། རྒྱ་གར་ལྷོ་ཕྱོགས་ཀྱི་ཁང་པ་ཆེ་བའི་སྒོ་དང་སྒེའུ་ཁུང་ཆུང་ལ་ཁང་ཚད་ཅུང་དམའ་བོ་ཡིན། དེ་ནི་ཚ་དྲོད་འགོག་ཆེད་དམ་ཕྱིའི་ཚ་བ་ནང་དུ་མི་ཡོང་བར་ཕན་ཐོག་ཆེ་ཟེར། ངོ་མ་ང་འདུག་སའི་ཁང་པ་འདི་ཡང་སྒོ་སྒེའུ་ཁུང་ཆུང་ཞིང་ནང་དུ་བསིལ་ཙམ་འདུག་པས་ཚ་བའི་གནོད་པ་མི་འདུག གུང་ཟས་ཟོས་རྗེས་ཕྱིར་ནང་དུ་ཡོང་ནས་གུང་གཉིད་བྱས། ཕྱི་དྲོ་ཙམ་ལ་གཟུགས་པོ་ཁྲུས་བྱས་རྗེས་ཆུ་སྐོལ་ཏེ་བསིལ་ཇ་འཐུང་བཞིན་དྲ་ལམ་མྱུལ་ཞིང་། དཔེ་ཆ་ཤོག་ངོས་འགའ་རེ་བཀླགས་རྗེས་ཚ་བའང་འཇགས་འདུག་པས་ཕྱི་ལ་འཆམ་འཆམ་དང་དགོངས་ཟས་ས་རུ་སོང་། ཐག་ཉེའི་ཁ་ཟང་ཆུང་ཆུང་དེའི་འཚང་ཁ་སྔ་དགོང་ལ་ཁྱད་འདུག་པར་མགོ་སེར་བོས་ཁེངས་འདུག ཚོད་མ་དང་འབྲས་ཆེན། བྱ་ཤ་བསྲེགས་མ། སྦི་རགས་བཅས་དགོང་ཟས་བྱས། བྱ་ཤ་བསྲེགས་མ་ཕྱེད་ལ་རེ་ལ་ཧིན་སྒོར་༩༠ དང་ཧྲིལ་བོ་རེ་ལ་༡༧༠ རེད། དྷ་སའི་རིན་གོང་དང་བསྡུར་ན་ཆུང་ཙམ་རེད། སྦི་རགས་ནི་དྷ་སའི་ཆང་ཁང་གྲགས་ཅན་མེག་ལོག་བྷར་ལས་ཀྱང་རིན་གོང་ཆེ་བ་འདུག ཤེལ་དམ་རེར་ཧིན་སྒོར་༡༣༠ རེད། གདོང་ཟས་གྲུབ་རྗེས་སྤྲོ་འཆམ་བྱེད་བཞིན་ག་ལེར་ཕྱིར་ནང་དུ་ལོག རྩིས་འཁོར་ལས་(While You Were Sleeping) ཞེས་པའི་གློག་བརྙན་ལ་བལྟས། དུས་ཚོད་༡༡ ཡོལ་ཙམ་ལ་ཟིན་ཐོ་བྲིས་རྗེས་ཉལ་བ་ཡིན། 30th Jan 2010/AM 10:30. Pune. དེ་རིང་ཕྱི་རྒྱ་གར་ལྷོ་ཕྱོགས་ཀྱི་མཚོ་འགྲམ་གྷོ་བ་ཞེས་པར་འགྲོ་དགོས་པས་སྔ་མོ་ནས་མལ་ལས་ལངས་ཏེ་སོ་དང་གཟུགས་པོ་ཁྲུས། ཆུ་སྐོལ་ཏེ་འཚིག་ཇའམ་ཁོ་ཧྥེ་འཐུང་བཞིན་དྲ་ལམ་ཁག་ནས་གསར་གནས་ལ་བལྟས་རྗེས་དངོས་པོ་རྣམས་པ་རྒྱབ་ཁུག་ཆེ་ཆུང་དུ་བསྡུས། བསིལ་ཞིང་གཙང་དག་ཅན་གྱི་མགྲོན་ཁང་དེ་དང་ཁ་བྲལ་ཏེ་ཟང་ཟིང་རྙོག་འཛིང་ཆེ་ལ་འདུ་འཛུ་རྒོད་གྷོ་བར་འདུག་འཚོ་བའི་དཀའ་ངལ་ལ་བསམ་བློ་བཏང་། དུ་ཚོད་༡༡ ཡོལ་ཙམ་ལ་ཁང་གླང་རྩིས་བརྒྱབས་རྗེས་ཅ་དངོས་རྣམས་ཁང་བདག་ལ་བཅོལ་ཏེ་ཕྱི་རུ་ཞོགས་ཇ་འཐུང་དུ་སོང་། ཐག་ཉེའི་ཟ་ཁང་ཆུང་བ་དེར་མི་མང་པོ་འདུག་ཞོགས་ཇ་མགྱོགས་པོར་སླེབས་སོང་། ཞོགས་ཟས་གྲུབ་རྗེས་ཕོ་ནེ་སན་ཀྲར་(Pune central )ཞེས་པའི་ཐོག་སོ་གསུམ་ཅན་གྱི་དེང་རབས་ཀྱི་ཚོང་ཁང་ཞིག་ཡོད་པ་དེར་སོང་། རྩིས་འཁོར་སོགས་འཕྲུལ་ཆས་སྣ་ཚོགས། དུས་ཚོད་འདྲ་མིན་དང་གསེར་དངུལ་དང་རྡོ་ཕ་ལམ་སོགས་ཀྱི་རྒྱན་ཆ་སྣ་ཚོགས། རས་འཆའ་འདྲ་མིན་གྱི་གྱོན་གོས་སྣ་ཚོགས་སོགས་ཚོང་རྫས་ཅི་དགོས་པ་འདུག་ཨང་སྙམ། མཛའ་མོའི་འདོད་པ་བཞིན་གསེར་གྱི་མཛུབ་དཀྲིས་ལ་རྡོ་ཕ་ལམ་གྱིས་ཕྲ་ཆེ་ཙམ་བཏབ་པ་ཞིག་དང་སྟོན་སྨད་ཀྱི་གྱོན་གོས་འགའ། རང་ཉིད་ལ་འབུ་རས་ཀྱི་སྟོད་གོས་དང་ཞིག་ལག་འདོགས་དུས་ཚོད་ཞིག་བཅས་ངེད་གཉིས་ལ་རན་པའི་ཚོང་ཆེ་ཙམ་བརྒྱབས། ཁང་ཆེན་དེར་བསིལ་རླུང་འདུག་པས་འོག་ཁར་སྐོམ་ཆུ་དང་ཟས་རིགས་སྣ་ཚོགས་ཡོད་པའི་ཟ་ཁང་དེར་ངལ་གསོ་དང་བཟའ་བཏུང་བྱས་ནས་དུས་ཚོད་སྐྱེལ། སྒོ་ཕྱི་རུ་སྤང་ཐང་ཆེ་ཙམ་ཡོད་པའི་མཐའ་སྐོར་དུ་ལྡུམ་རྭ་སྒོར་མོའི་ནང་དུ་མེ་ཏོག་མང་པོ་ཁྲ་ལམ་མེར་བཞེད་འདུག་ཅིང་། མི་ཚོགས་འཚང་ཁ་རྒྱག་གིན་འདྲ་པར་ལེན་པ་སོགས་འུར་ཟིང་ཆེ། ཕྱི་དྲོ་དུས་ཚོད་༤ ཡོལ་ཙམ་ལ་ཕྱིར་ནང་ཡོང་སྟེ་ཅ་དངོས་ཚང་མ་ཞིབ་ཏུ་བསྡུས་རྗེས་ཁང་བདག་ཨ་ཅ་ལགས་ལ་བདེ་མོ་བཞག་སྟེ་གཞུང་ལམ་འགྲམ་དུ་ཡོང་། གླ་འཁོར་ལ་བསྡད་དེ་མེ་འཁོར་འབབ་ཚིགས་སུ་ཡོང་། ཕོ་ནེ་ནས་གྷོ་བ་བར་དུ་མེ་འཁོར་དུས་ཚོད་༡༢ དང་༡༤་ཅན་གཉིས་འདུག་པ་སང་ཞོགས་དུས་ཚོད་༥།༣༠ དང་ཡང་གཞན་དེ་༧།༣༠ ཙམ་ལ་འབྱོར། ང་ཚོའི་མེ་འཁོར་དེ་ཕྱི་དྲོའི་དུས་ཚོད་༥།༣༠ ཐོག་ལམ་དུ་ཆས་སོང་། ཐེངས་འདིའི་ངེད་གཉིས་ཀྱི་མེ་འཁོར་དེ་བསིལ་རླུང་ཅན་མིན་པས་རང་གི་ཉལ་ཁྲིའི་སྟེང་ཡང་ལྷོད་ལྷོད་ཅིག་མེད་པར་མི་བཞི་ནས་ལྔ་འཚང་ཁ་བྱས་བསྡད། ཅུང་ཙམ་ནས་གདོང་ཟས་ཐོ་འགོད་མཁན་སླེབས་པ་དང་གདམས་ཀ་མེད་པའི་དགོང་ཟས་གཉིས་མངགས་པ་ཅུང་ཙམ་ནས་འབྱོར་སོང་། འབྲས་དང་ལྡ་ལི། ཅ་པ་ཏེ། ༼བག་ལེབ་སྲབ་པོ་ཞིག༽ཆུ་འགྱིག་དམ་རེ། དགོང་ཟས་གྲུབ་རྗེས་རྒྱ་གར་བ་ཚོས་མགོ་ནས་རྐང་པ་བར་དུ་རས་དཀར་པོ་ཞིག་གིས་ཡོངས་སུ་བཏུམ་རྗེས་གཉིད་ཁུག་སོང་། ངེད་གཉིས་ཀྱི་ཉལ་ཁྲི་ཟུར་དུ་ཡོད་པ་དེ་ཡིན་པས་འཚང་ཁ་མེད་ཅིང་རང་རང་གི་ཉལ་ཁྲིའི་སྟེང་ཉལ་ཡིན། མདའ་མོ་ཐོག་ཁ་དང་ང་འོག་ཁར་མགོ་ནས་རྐང་པ་བར་དུ་ཤོལ་༼བྱང་བུ་སྲབ་པོ་གཟན་འདྲ་བ་ཞིག་༽གྱིས་ལེགས་པར་བཏུམ་སྟེ་ཉལ། དབུགས་ཀྱང་འབྱིན་དཀའ་བའི་ཚོད་དུ་མགོ་ཕྱིར་བུད་དེ་ཉལ་ཁུལ་བྱས་པ་ཡིན་མོད། དུག་སྦྲང་ཚོས་རྩལ་ངོམ་པའི་དུས་ཚོད་དེ་ཞོགས་པའི་བར་དུ་སུས་འགོག་ནུས་སམ། 31th Jan.2010. Pune to Goa. མུ་འགོད།

Comments

  1. བྲིས་ནས་ཚར་མེད་པ་ཁ་སྣོན་དང་དྲ་ངོས་སུ་བཀོད་པ་བཟོ་བཅོས་དགོས་པ་དུག་པ་རྗེས་སུ་བསྐྱར་འགོད་བྱ་རྩིས་ཡིན།

    ReplyDelete

Post a Comment

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག