མ་ཧཱ་བྷཱ་ར་ཏའི་གཡུལ་འཁྲུག་རྡོ་བསྐོས་ཞིག་ལ་མཆན་བཏབ་པ།




སྲིད་སྒྲུབ་མདའ་དྲུག་མདའ་བརྒྱད་དང་།།
སྟག་ལ་ཨ་ལྔ་མཐེབ་དྲུག་རྣམས།།
གནའ་བོའི་དཔའ་བོའི་དམའ་རྩལ་སོགས།།
དེང་མིས་མི་ནུས་་ཡིད་ཆེས་དཀའ།།

ང་ཆུང་དུས་སུ། བྱིས་པ་བུ་རྣམས་ཀྱིས་ནི་དུས་རྒྱུན་གླིང་གི་དཔའ་རྟུལ་རེ་ཡི་མིང་བཏགས་ཏེ་བོང་བུར་ཞོན་པ་དང་རྐང་ཐང་མར་ཧོར་གླིང་གཡུལ་འགྱེད་རྩེད་མོ་རྩེ་སྲོལ་ཡོད། དམིགས་བསལ་དགུན་དུས་སླེབས་སྐབས། བྱིས་པ་བུ་རྣམས་གྱིས་ཤིང་སྐྱར་བའི་གཞུ་དང་མག་པ་ཐེ་ལེ་ཡིས་མདའ། གླག་དང་དེ་ཕོའི་སྒྲོས་གཏད་དེ་མདའ་རྩེད་བྱེད། དེ་དུས་ཀྱང་རང་རང་སོ་སོའི་དགའ་ཕྱོགས་སམ་འདོད་མོས་ལྟར་གླིང་གི་དཔའ་རྟུལ་རེའི་མིང་རང་རང་སོ་སོར་བཏགས་ཡོད། ཧོར་གླིང་གཡུལ་འགྱེད་ཆ་ཚང་བར་བྱིས་པ་རྣམས་ཀྱི་བློ་ངོར་ཡོད་ཟེར་ན་དཀའ་མོ་ཡིན་མོད། ཧོར་གླིང་གཡུལ་འགྱེད་འགོ་མཇུག་རབ་རིབ་སབ་སོབ་ཅིག་ཚང་མའི་བློ་ངོར་ཡོད་ཟེར་ཆོག
ཧོར་གྱི་ཨ་ལྔ་མཐེབ་དྲུག མཐེ་བོང་འོག་ནས་མདའ་དྲུག་དུས་གཅིག་ལ་གཏོང་ཐུབ། འདི་ཡང་བྱིས་དུས་ནས་བློ་ངོར་འབྱར་ཡོང་བ་ཞིག་ལས་གླིང་སྒྲུང་གི་དཔེ་ཆེར་བལྟས་ནས་བློར་ངོར་འགོས་པ་ཞིག་མ་ཡིན།




བདག་རང་རྒྱ་གར་དུ་སླེབས་ནས་མི་ལོ་བཅུ་ཕྲག་གཉིས་ཙམ་གྱི་རིང་ལ་རྒྱ་གར་ཡུལ་གང་བོར་འཁྱམ་ཉུལ་བྱས་མྱོང་། དེ་ཡང་དམིགས་ཀྱིས་གནའ་ཤུལ་དང་གནས་རྩ་ཆེན། ལོ་རྒྱུས་རང་བཞིན་ལྡན་པའི་གནས་རྣམས་ཡིན་ལ། དེ་ཡང་ཆོས་ལུགས་གང་ཡིན་དང་གྲུབ་མཐའ་སུ་ཡིན་ལ་དབྱེ་བ་མེད་པར་ཁོང་ཅག་གི་ལྷ་ཁང་དང་ཆོས་ཁང་། ཕྱག་ཁག་དང་རྒྱལ་ཁང་སོགས་ཡིན།
དེ་དག་ལས་རྒྱ་གར་གྱི་གནའ་མིས་བརྐོས་རིས་འདྲ་མིན་སོགས་བཟོའི་རིགས་ནི་མིག་དབང་འཕྲོག་པོ་ཞིག་འདུག་ཨང་། རི་མོའི་སྒྱུ་རྩལ་དང་རྡོ་བརྐོས་དག་ནི་ཧ་ལས་པ་ཞིག་མ་ཡིན་ནམ། ཞིབ་ཏུ་དང་ཡང་ན་བསམ་ཞིང་བསམ་བཞིན་དུ། ཡང་སྔར་མཐོང་དུས་ཡིད་ཉམས་མ་བཞག་པར་དེང་སང་བསྐྱར་དུ་བསམ་བཞིན་དུ་ངོ་འཕྲོད་པ་སོགས་སྒྱུ་རྩལ་གྱིས་གནའ་ཤུལ་དངོས་ཟོག་དག་ནི་ཅི་འདྲའི་བསམ་ནས་མི་ཚར་བ་དང་བྲིར་ལངས་པ་ཞིག་རེད་ཨང་།

ཧོར་གྱི་ཨ་ལྔ་མཐེབ་དྲུག ཁོས་མཐེ་བོང་འོག་ནས་མདའ་དྲུག་དུས་གཅིག་ལ་གཏོང་ཐུབ། འདི་ཡང་བྱིས་དུས་ནས་བློ་ངོར་འབྱར་ཡོང་བ་ཞིག་ལས་གླིང་སྒྲུང་གི་དཔེ་ཆེར་བལྟས་ནས་བློར་ངོར་འགོས་པ་ཞིག་མ་ཡིན།

གནའ་བོའི་རྒྱ་གར་གྱི་ལོ་རྒྱུས་གཡུལ་འཁྲུག་ཆེན་མོ་མ་ཧཱ་བྷཱ་ར་ཏའི་རྡོ་བརྐོད་དང་ལྡེབས་རིས་དག་ནི་དངོས་གནས་ཡིད་འཕྲོག་པོ་ཞིག་འདུག་ལ། རང་རེའི་ཧོར་གྱི་ཨ་ལྔ་མཐེབ་དྲུག་གི་མདའ་དྲུག་དུས་གཅིག་ལ་གཏོང་ཐུབ་ཟེར་བའི་སྐད་ཆ་དེ་ཡང་བྷཱ་ར་ཏའི་རྡོ་བརྐོས་འདིས་མངོན་སུམ་དུ་བསྟན་བྱུང་།
སྲིད་སྒྲུབ་ཀྱིས་མདའ་དྲུག་མ་དགོས་མདའ་བརྒྱད་ཀྱང་དུས་གཅིག་ལ་གཏོང་བ་དང་། ད་རུང་ཁོའི་དགྲ་བོ་སྐྱ་བསང་གི་བུ་དག་གིས་ཀྱང་མདའ་ལྔ་དང་དྲུག་དང་བརྒྱད་སོགས་དུས་གཅིག་ལ་གཏོང་ཐུབ་ཅིང་། འདི་ནི་གནའ་བོའི་རྒྱ་གར་གྱི་དཔའ་བོའི་མདའ་རྩལ་ཁྱད་པར་བ་ཞིག་ཀྱང་ཡིན།

འདི་ལ་ཞིབ་ཏུ་བསམ་ན་རང་རེའི་གླིང་སྒྲུང་དེ་ཡང་ཆེས་གནའ་བོའི་གཡུལ་ཐབས་ཤིག་དང་བྱུང་བ་ཞིག་ངག་དང་ངག་བརྒྱུད་ནས་ཡི་གེ་དང་ཡི་གེར་བཀོད་དེ་དུས་རབས་རིམ་པར་བརྒྱུད་ཡོང་དུས། སྨྲ་བསམ་བརྗོད་འདས་ཤིག་ཏེ། ལོ་རྒྱུས་ཤིག་གམ་ལྷ་སྒྲུང་ཞིག ཡང་ན་བཅོས་སྒྲུང་དང་རྟོགས་སྒྲུང་། ཡང་ན་བློ་གཏད་ས་ཅི་ཡང་མེད་པའི་སྟོང་བསམ་སྨྲ་བའི་ཤོད་རྒྱུན་ཞིག་ཅེས་པ་ལ་སོགས་ཀྱིས། རང་རེའི་གླིང་སྒྲུང་དང་དེའི་ནང་གི་ཁྱད་ཆོས་རྣམས་ཀྱང་རྨང་མེད་དུ་བཏང་དང་གཏོང་བཞིན་གདའ་འོ།།


ཧོར་གྱི་ཨ་ལྔ་མཐེབ་དྲུག་གིས།།
ཤན་པ་དཔའ་སྟོབས་ཆེ་ན་ཡང་།།
དུག་མདའ་དྲུག་གི་ངར་ལ་དྲངས།།
སྡུག་གཅོད་ཤན་པའི་སྐུ་ཚེ་ཟད།།




བྷཱ་ར་ཏ་དང་ཐུ་བྷོད་ཀྱིས།།
སུམ་གཉིས་ས་དབང་བསྒྱུར་བའི་རབས།།
རིས་དང་ཡི་གེར་ཡོད་བཞིན་དུ།།
དེང་མིས་མི་འདོད་ཨ་འཚར་ཉིད།།

གླིང་གི་དཔའ་རྟུལ་བརྒྱད་ཅུ་དང་།།
གླིང་དམག་བྱེ་བ་བཅུ་ཕྲག་གིས།།
ཕྱོགས་བཞིའི་མཐའ་ལ་སྲིད་བརྐྱངས་པའི།།
བྱུང་བའི་སྒྲུང་ཆེན་འཛིན་ལ་འབུངས།།

བོད་མིའི་བཟའ་བཏུང་འགྲོ་སྤྱོད་དང་།།
དགྲ་གྲོགས་བཟན་ངན་ཤན་འབྱེད་བཅས།།
རྒྱན་གོས་རྒྱལ་བློན་འབངས་ཐོབ་སོགས།།
གསལ་བའི་མེ་ལོང་ཕྱི་དོར་བྱོས།།









ཆོས་དང་འཇིག་རྟེན་ལུགས་བཟང་སྲོལ།།
ཡུལ་གོམས་གཤིས་ལུགས་ཞིབ་ཕྲའི་འགྲེལ།།
མི་ཕྱུག་རྟ་ལུག་རྣམ་བཤད་སོགས།།
རབ་གསལ་མཛོད་འདི་ལེགས་པར་སྲུངས།།





རང་ལུགས་ཁྱད་ཆོས་གསལ་བའི་གླིང་སྒྲུང་འདི།།
གཞན་ལུགས་ཟོལ་གྱིས་འཛིན་པའི་རྫུས་མེད་ཅིང་།།
གནའ་བོའི་ཡ་མེས་རྣམས་ཀྱི་གཟུགས་ཀྱི་བརྙན།།
 ཡོངས་སུ་གསལ་བའི་སྒྲོམ་འདི་སྐྱོབས་ཅིག་ཀྱེ།།


གཅན བཟོད་རྒྱམ་པས་ཚ་བའི་ཀློང་ནས་རབ་རིབ་ཏུ་གང་དྲན་ཤར་མར་ཐལ་བས་བཟོད་པར་གསོལ་ལོ།
༢༠༡༨།༠༥། ༡༦།


Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག