སློབ་དཔོན་རིན་པོ་ཆེར་དད་པ་ཡོད་དམ།




སྐྱེས་ནས་ད་ལྟའི་བར་དུ་ནང་བསྟན་ལ་དད་དམ་གཡོ་མེད་བྱས་ནས་མི་ཚེ་སྐྱེལ་བ་ཡིན་ཟེར་ན་གང་འདྲ་འདུག ནང་བསྟན་ལས་ཀྱང་ཆུང་དུས་ནས་རི་བོ་དགེ་ལུགས་པའི་བསྟན་པའི་སྒོར་ཞུགས་ཁུལ་བྱས་པ་དང་། དེའི་ལུགས་ཀྱི་ཆོས་སྤྱོད་བློ་འཛིན་དང་འདོན་རྟ་དབྱངས་གསུམ་ལ་བགས་ཙམ་སྦྱངས། དེ་ལྟར་ཚེ་འདིའི་ཕྱེད་རྫོགས་ཟིན་པ་རེད། 

ནང་བསྟན་པ་ཐོས་བསམ་བྱས་པའི་གོ་སྐལ་སྤྲད་ཀྱང་ལེན་མ་ཐུབ་པར་ཐལ་དངུ་ནང་དུ་མཆོངས། འོན་ཀྱང་བོད་མི་བྱིངས་ལྟར་ནང་བསྟན་ལ་དད་པ་དམ་ཚིགས་ཆེ་མདོག་གིས་ཕྱག་སྐོར་ཁ་འདོན་རེ་བྱས་དང་བྱེད་ཡོད་མོད། དེ་ཡང་རྒྱ་གར་འཕགས་པའི་ཡུལ་གྱི་སྟོན་པ་ཐུགས་རྗེ་ཅན་གྱིས་གཙོས་འཕགས་ཡུལ་གྱི་པཎ་གྲུབ་འགའ་རེའི་མཚན་དང་མཛད་པ། དེ་དག་གིས་གསུང་གི་བཀའ་བསྟན་བཅོས་རེ་འགར་མཇལ་བ་ལས་གཞན་མཚན་བྱང་ཙམ་འགྱུར་ཕྱག་ཙམ། ཡང་ན་དེ་དག་གི་ལོ་ཙཱའི་བྱུང་བ་ཙམ་རེ་ལས་ཅི་ཡང་མི་ཤེས་ལ། བོད་ཀྱི་ལོ་པཎ་བཀའ་དྲིན་གྲངས་མང་པོའི་གྲས་ནས་ཀྱང་དེ་མཚུངས་ལོ་པཎ་འགའ་རེའི་མཚན་ཙམ་དང་། ཁོང་ཅག་གིས་འགྱུར་པའི་བཀའ་བསྟན་བཅོས་རེ་འགའ་ལས་མཇལ་མྱོང་ལ་ཤེས་ཀྱང་མི་མོད། བོད་ཀྱི་རིག་པའི་གནས་བཅུའི་གསུང་རབ་འབུམ་ཕྲག་དུ་མ་ཡོང་པ་རྣམས་ནི་ཕ་རིའི་སྤང་རྒྱན་གྱི་དཔེ་སྟེ། བོད་ཀྱི་མཁས་གྲུབ་དག་གི་མཚན་ཙམ་ཡང་ན་དེ་དག་གི་གསུང་འབུམ་གྱི་དཀར་ཆག་ཙམ་མཇལ་མ་མྱོང་བས། རང་ཉིད་ནི་ཨ་ཁ་ཁ་ཁ། ཅིའི་ཐོས་པ་རྒྱ་ཆུང་ལ་ཤེས་བ་སྣ་ཉུང་བ་ཞིག་རེད་ཨང་ཡང་ཡང་བསམ་མོད། ལེ་ལོ་དང་བགས་མེད་ཀྱིས་དུས་ཚོད་སྐར་ཆ་རེ་རེ་བཞིན་དེ་ལྟ་དེ་ལྟར་ཟད་འགྲོ་བཞིན་འདུག

དེ་རིང་ཞོགས་པའི་ཟིན་ཐོ་ཞིག་གི་གཤམ་དུ་ཤེས་ལྡན་པ་ཀླུ་སྨྱོན་ལགས་ཀྱིས་དྲི་བ་ཞིག་བཞག་འདུག་ལ་མཇལ་བས་སེམས་ཚོར་འདི་ཡིག་ངོར་འབེབ་སའདུན་སྐྱེས། སྤྱིར་སེམས་ཚོར་འདི་སྔ་མོ་ནས་ཡོད་ཅིང་། ལྷག་པར་དུ་ད་ལོ་༢༠༡༨ དབྱར་ཁར་མར་ཡུལ་ལ་དྭགས་སུ་གོང་གསེང་སྐབས་སྟག་སྣ་དགོར་པར་མཇལ་སྐབས། ཡི་གེ་འབྲི་བཞིན་པའི་སེམས་ཚོར་འདིའི་སྐོར་ལ་གཏིང་ཟབ་པའི་ངེས་ཤེས་འདྲ་ཞིག་རྙེད་བྱུང་། དེ་ནི་རང་གིས་དད་པའི་ཡུལ་དུ་གྱུར་པའི་གུ་རུ་རིན་པོ་ཆེའམ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐོར་ནས་རེད། 

ང་ཆུས་དུས་ཕ་རྒན་གྱིས་ཉིན་ལྟར་བཀའ་ཐང་སྡེ་ལྔ་ཁ་བཏོན་བྱེད། ཁོང་གི་ཞལ་ནས་བཀའ་ཐང་གི་ཚིག་འགའ་རེ་ངག་བྱང་ལ་སོང་ཡོད། བོད་ཡུལ་དམ་ཆོས་ཆགས་པའི་སྲས། །ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡིན། །དམ་ཆོས་དར་རྒྱས་འབྱུང་བའི་སྲས། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཡིན། །དམ་ཆོས་མི་ནུབ་བརྟན་པའི་སྲས། །རྒྱལ་སྲས་མི་ཁྲི་བཙན་པོ་ཡིན། །བསྟན་པ་ཚུལ་བཞིན་འཛིན་པའི་སྲས། །འཁོན་སྟོན་ཀླུ་ཡི་དབང་པོ་ཡིན། ། ཧ་ལམ་མི་ལོ་སུམ་ཅུ་ལྷག་གི་སྔོན་ནས་ཚིགས་བཅད་འདི་དག་རྣ་བས་གོ་ཞིང་ངག་ལ་འབྱར་ཙམ་ཡིན་མོད། གུ་རུ་རིན་པོ་ཆེ་སུ་ཡིན་ནམ། ཡང་ན་ཁོང་གིས་སྤྱིར་ནང་བསྟན་དང་སྒོས་སུ་བོད་བརྒྱུད་ནང་བསྟན་ལ་མཛད་པ་ཅི་ཞིག་བསྐྱངས་ཡོད་དམ། 

ལོ་རྒྱུས་ཀྱི་དཔེ་དེབ་འགའ་རེ་དཔྱད་རྩོམ་ནམ་ཆེད་རྩོམ་ཐུང་ཐུང་རེ་གཉིས་ལས་གུ་རུ་རིན་པོ་ཆེ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱངས་དྲངས་ཚུལ་དང་། བོད་ཀྱི་ལྷ་སྲིན་དམ་ལ་བཏགས་ཚུལ། མཁན་ཆེན་ཞི་བ་འཚོ་དང་ལྷན་དུ་བསམ་ཡས་གཙུག་ལག་ཁག་བཞེངས་ཚུལ། བོད་ཀྱི་སྔགས་པའི་སྲོལ་ཐོག་པར་བཏོད་ཚུལ། བོད་དུ་གསང་སྔགས་ཀི་གར་འཆམ་ཐོག་བར་གསར་གཏོད་གནང་ཚུལ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བཙུན་པོ་ཁོང་ལ་ཕུལ་ཚུལ། མཐར་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་ཕེལས་པ། ཡང་ན་བོད་རྒྱལ་བློན་ཞལ་མ་མཐུན་པས་བོད་དུ་བཞུགས་སྟབས་མ་བདེ་པར་རྒྱ་གར་དུ་ཕེབས་དགོས་བྱུང་ཚུལ། ཡང་བོད་དུ་རྫོགས་ཆེན་གྱི་བསྟན་པའི་སྲོལ་བཏོན་པའམ་དར་པར་མཛད་ཚུལ་སོགས་ལས། གཞན་གུ་རུ་རིན་པོ་ཆེས་ནང་བསྟན་ཆོས་ལུགས་ཀྱི་གཞུང་འདི་དང་འདི་མཛད་ཡོད་ཚུལ། དེའི་ནང་དོན་འདི་འདྲ་ཡིན་ཚུལ། གཞུང་འདི་ལས་འདི་གསུངས་ཡོད་ཚུལ། གཞུང་འདིའི་རྗེས་སུ་འབྲངས་ཏེ་བོད་དུ་མཁས་པ་འདི་དང་འདི་བྱོན་ཚུལ། གྲུབ་ཏོན་འདི་དང་འདི་བྱོན་ཚུལ། སོགས་མདོར་ན་གུ་རུ་རིན་པོ་ཆེའི་གསུང་འབུམ་མམ་གཞུང་འདི་ཡིན་ཟེར་བ་ཞིག་ལ་མཇལ་མ་མྱོང་བས། ཀྱེ་མ་བདག་གི་ནི་ཅི་འདྲའི་ཐོས་པ་ཆུང་བའི་རྨོངས་པ་ཞིག་རེད་ཨང་ཡང་ཡང་སྙམ། 

འོ་ན་ཁྱོད་རང་གུ་རུ་རིན་པོ་ཆེར་དད་པ་ཡོད་དམ། ཅིའི་དད་དམ། ཅི་ལྟར་དད་དམ་ཟེར་ན། 

འདི་དག་གི་ལན་ནི་ཆེས་བླུན་པོའི་ཚིག་འགའ་བྲིས་ནས་ལན་དུ་སྙམ་པ་བས་ཅི་ཡང་ཞུ་ནུས་བྲལ། གཅིག་ནས་ཆུང་དུས་ཕ་རྒན་ཀྱིས་གུ་རུ་རིན་པོ་ཆེའི་གསུང་བཀའ་བསྡུས་ཉིན་ལྟར་ཞལ་འདོན་གནང་བ་དང་། གཅིག་ནས་ལོ་རྒྱུས་དཔེ་དེབ་སོགས་ལས་མཇལ་མྱོང་བའི་ཁོང་གིས་བོད་གངས་ཅན་གྱི་དོན་དུ་མཛད་པ་མང་པོ་མཛད་པ། གསུམ་ནས་བདག་གི་གློ་སྙིང་བྲང་གསུམ་གཏོད་སའི་གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དུས་རྒྱུན་གུ་རུ་རིན་པོ་ཆེ་བོད་ལ་བཀའ་དྲིན་ཆེ་ཚུལ་གྱི་གསུང་དེ་དག་དང་། སྔོན་ལོ་རྒྱལ་སྤྱི་ཚོགས་ཚོགས་འདུ་ཞིག་ལ་མཁན་སློབ་ཆོས་གསུམ་གྱིས་མཛད་རྗེས་དང་འབྲེལ་བའི་དཔྱད་གཏམ་ཤིག་གི་སྐབས་གུ་རུ་རིན་པོ་ཆེའི་མཛད་པའི་སྐོར་གང་ཤེས་ཨིག་གླེང་ཙམ་བྱུས་པ་སོགས་ལས། གཞན་འདི་ཡིན་ཞིག་བཤད་རྒྱུ་མི་འདུག 

མདོར་ན་ངས་གུ་རུ་རིན་པོ་ཆེར་དད་པ་ཡོད། དམ་ཚིགས་གཙང་ཟེར་བའི་སྐད་ཆ་བཤད་པའི་སྐབས་མེད་དེ། ངས་དོན་དམ་དུ་གུ་རུའི་བསྟོད་པ་ཚིགས་བཅད་གཅིག་ཀྱང་ངག་ཐོག་ནས་འདོད་རྒྱུ་མེད་པ་དང་། གུ་རུའི་མཚན་སྔགས་ཙམ་ཡང་ངག་ན་མེད་པས། ཅི་ལྟ་ཅི་ལྟར་གུ་རུ་རིན་པོ་ཆེར་དད་པ་ཡོད། དམ་ཚིགས་གཙང་ཟེར་རམ། འདི་ལྟར་བསམ་ན་རང་ཉིད་རང་ལ་ངོ་གནོངས་བ་ཞིག་དང་། ཡིད་ཆད་པ་ཞིག་ཡོང་གི་འདུག་མོད། ད་ལོའི་མར་ཡུལ་ལ་དྭགས་ཀྱི་བྱུང་བ་དེས་རང་ཉིད་ཀྱང་ཧང་སངས་སངས་ཞིག་བྱུང་སོང་། 

ད་ལོའི་དབྱར་ཁའི་གུང་གསེང་སྐབས་ལ་དྭགས་སུ་ཟླ་གཉིས་ཙམ་བསྟད། དགོན་པ་དང་ཡུལ་གྲུ་མང་པོར་མཇལ། ཟིན་ཐོ་རེ་ཡང་བྲིས་ཤུལ་བྱས། དེ་དག་དེ་འདིར་གླེང་འདོད་པ་ནི་གོང་ནས་བཤད་པ་ལྟར། ཀླུ་སྨྱོན་གྱིས་དྲི་བ་དེ་དང་འབྲེལ་བའི་སྐོར་ནས་ཡིན། 
སྤྱིར་ང་རང་ལ་དྭགས་ཀྱི་དགོན་སྡེ་དང་ཡུལ་སྡེ་མཁར་ཤུལ་སོགས་མ་མཇལ་བ་མེད་ཟེར་ཆོག་མོད། དགོན་པར་མཇལ་བར་སུན་སྣང་མི་འདུགང་ཚོ་སྟག་སྣ་དགོན་པར་མཇལ་དུ་ཕྱིན། ཏག་ཏག་ཉིན་གུང་གི་དུས་ཚོད་རེད། མཇལ་བ་གཅིག་གཉིས་རེ་ལས་མི་འདུག དགོན་པའི་འདུ་ཁང་ལྷ་ཁང་སྟེང་འོག སྒྲོན་མའི་ལྷ་ཁང་སོགས་མཇལ། གུ་རུ་སླཧ་ཁང་དུ་སླེབས་སྐབས་ང་ཚོའི་སྔ་ཕྱི་ཤོར་ཏེ་ང་སྔོན་དུ་སླེབས། གུ་རུ་ལྷ་ཁང་གི་སྒོའི་ནང་དུ་བུད་པ་ཐག་གྲལ་མགོར་བཞུགས་པའི་བརྗིད་ཉམས་ཆེ་ལ་གསེར་མདོག་གིས་རབ་ཏུ་ཕྱུགས་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་བརྙན་མི་ཆེན་ཞིག་གི་ཚད་ཙམ་དབྱུས་སུ་གཡས་གཡོན་སོགས་སུ་གུ་རུ་མཚན་བརྒྱད་སོགས་ལྷ་སྐུ་དང་གསུང་རབ་དཔེ་ཆས་ཆ་སྒམ་གང་བར་བྱས་འདུག ངས་གུ་རུ་རིན་པོ་ཆེའི་སྐུ་དང་ཞལ་རས་མཇལ་མ་ཐག་མིག་ནས་ཆུ་མ་འགོག་མེད་དུ་བཞུར་སོང་། ཁ་ནས་ཅི་ཞིག་འདོན་པ་ཡང་དྲན་མ་སོང་། 
གོམ་རེ་རེ་བཞིན་གུ་རུའི་སྐུ་གམ་དུ་བཅར། མདུན་དུ་པུས་བཙུགས་ཏེ་གུ་རུའི་ཞལ་ལ་བཅར། འདོན་པ་ཚིགས་བཅད་གཅིག་ཀྱང་དྲན་མ་སོང་། གུ་རུ་མཚན་སྔགས་ཀྱང་དྲན་མ་སོང་། ཚོར་བ་ཡ་མཚན་པ་ཞིག་གམ། གང་ལྟར་ཡིད་ངོར་འཚང་བཞིན་དྲན་འོང་བ་ནི་ལོ་རྒྱུས་དཔེ་དེབ་དག་ལས་མཇལ་མྱོང་བ་དང་། གོང་ས་མཆོག་གིས་གསུངས་པའི་གུ་རུ་བོད་ལ་བཀའ་དྲིན་ཆེ་ཚུལ་ཀྱི་མཛད་པ་རྣམས་རེད། 
སེམས་སུ་སྐྱོ་ཤུགས་དྲག་པོ་ཞིག་སྐྱེས་ཏེ་ངའི་ངག་ནས་སྐད་ཆ་འདི་དག་དབང་མེད་དུ་ཐལ། གུ་རུ་རིན་པོ་ཆེ། སྔར་ངེད་བོད་གངས་ཅན་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཁྱོད་དང་མཁན་ཆེན་ཞི་བ་འཚོ་གདན་དྲངས་ཏེ། བོད་དུ་བསམ་ཡས་ཆོས་སྐོར་བཞེངས། ལྷ་སྲིན་རྣམས་དམ་ལ་བཏགས། བོད་དུ་རབ་བྱུང་གི་སྡེ་བཙུགས། བསམ་ཡས་སྒྲ་སྒྱུར་གླིང་སོགས་གླིང་བཅུ་གཉིས་བཙུགས་ཏེ་ཆོས་སྒྱུར། ཉམས་སུ་བླངས། དྲག་པོའི་དཔུང་གིས་རྒྱའི་རྒྱལ་སའང་འཕྲོག་སྟེ་རྒྱ་རྒྱལ་ཁྲི་ལས་ཕབས། ཕོ་བྲང་བོད་ཀྱིས་བཟུང་། མཛད་པ་འདི་དག་ཁྱོད་ཀྱིས་དྲན་དམ། ད་ནི་བདག་ཅག་གི་རྒྱལ་པོའམ་དབུ་ཁྲིད་གོང་ས་རྒྱལ་བ་རིན་པོ་མཆོག་གོས་བོད་མི་འབུམ་ཕྲག་ཕྱི་ལ་འཁྱར། བོད་ཁམས་རྒྱ་ལ་ཤོར། བོད་འབངས་སྡུག་གིས་མནན། མགོན་སྐྱབས་བྲལ་ཞིང་ཉིན་རེ་བཞིན་འཚོ་གནས་ཙམ་ཡང་དབང་མེད་དུ་སྡུག་གིས་བདམས་ཡོད་པས་ན། ད་ནི་ཁྱོད་ལ་སྔར་ལྟར་མཐུ་དང་ནུས་པ་གང་ཞིག་ཡོད་ན། ཁྱོད་ཀྱི་སློབ་མའམ་གྲོགས་བཟང་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རྒྱལ་ཁམས་དང་འབངས་མི་རྣམས་སྐྱོབ་པའི་དུས་མ་ཕྲི་ན་མི་སྔ་བའི་དུས་ཡིན་པས། ད་ལྟ་རང་མཐུ་དང་ནུས་པ་ཕྱུངས་ཤིག སྐྱོབས་ཤིག ངེད་བོད་འབངས་རྣམས་དང་བོད་ཀྱི་རྒྱལ་ཁམས་ཆེན་པོ་འདི་སྐྱོབས་ཤིག།
ངུ་ངག་གི་སྐད་མགོ་ཇེ་མཐོར་སོང་། མིག་ནང་གི་མཆུ་མ་མུ་ཏིག་གི་ཕྲེང་ཐག་ཆད་པ་ལྟར་རང་གི་བརླའི་ཐོག་ཏུ་འཐོར་བཞིན་དུ་ངུས། 
སྐར་ཆ་འགའི་རྗེས་ནས་མཇལ་བའི་རོགས་པ་དང་དཀོན་གཉེར་ཡང་གུ་རུ་ལྷ་ཁང་དུ་འབྱོར། ངས་གང་མགྱོགས་མིག་ཆུ་ཕྱིས། དཀོན་གྷཉེར་གྱིས་ཅི་བྱས་སོང་དྲིས། ངས་ཅང་བྱས་མ་སོང་། གུ་རུ་ང་སྐྱོ་རུ་བཅུག་བྱུང་། ཞེས་དགོན་བཞིན་དུ་ལབ། 
ང་ཚོ་གུ་རུ་ལྷ་ཁང་ནས་སྒོར་བུད་རྗེས་སྟེང་ཐོག་ཏུ་སྟག་སྣ་རིན་པོ་ཆེའི་སྤྲུལ་སྐུ་བཞུགས་ཡོད། མཇལ་ལམ་ཟེར། ལོས་མཇལ། བླ་མར་མི་མཇལ་སུ་ལ་མཇལ། ཟེར་བཞིན་སྟེང་ཐོག་ཏུ་སྟག་སྣའི་སྤྲུལ་ཆུང་མཇལ། དེ་ནས་དཀོན་གཉེར་གྱི་ཤག་ཏུ་ཡོང་སྟེ་གུང་ཚིགས་ལ་རོལ། དེ་རྗེས་དཀོན་གཉེར་གྱི་རླངས་འཁོར་ལ་ཞོན་ཏེ་མང་སྤྲོར་མཇལ་དུ་སོང་། ལམ་དུ་ཁ་བརྡ་མང་པོ་བྱུང་། ངའི་མི་ཚེའི་ནང་གུ་རུའི་སྐུ་བརྙན་ཆེ་ཆུང་འདྲ་མིན་མཇལ་མྱོང་མོད། སྟག་སྣའི་གུ་རུའི་སྐུ་བརྙན་ཡང་མཇལ་མྱོང་། དེ་རིང་གུ་རུའི་སྐུ་བརྙན་མཇལ་མ་ཐག་མིག་ནས་ཆུ་མ་འཁྲུག ངག་ནས་ལབ་རྡོབ་ཤོར་བ་འདི་འདྲ་བྱུང་མ་མྱོང་ཞེས་ཞུས་པ་ཡིན། ཅི་ཡིན་ནམ་ཞེས་ཞུས། ཁོང་དགོད་བཞིན་དུ། དད་པ་བ་དེ་མཚམས་རེར་རྡོའི་སྟེང་གི་རི་མོ་ཀྱག་ཀྱོག་ཙམ་ལས་ཀྱང་སྐྱེས། སྐབས་རེར་སྐུ་ཤ་རློན་པ་མདུན་དུ་ཡོད་ཀྱང་དད་པའི་ཚོར་བ་ཙམ་ཡང་མི་སྐྱེ་གི་ཟེར། དངོས་བདེན་ཨང་སྙམ་པ་བྱུང་། 

ཕྱིར་རང་གནས་སུ་སླེབས་ཏེ་གྲོགས་འདྲིས་མང་པོར་གནས་ཚུལ་དེ་དང་འབྲེལ་ནས་ཁ་བརྡ་བྱས་པ་ཡིན། དེ་ཡང་འུ་ཚོ་མི་མང་པོ་ཞིག་འཇིག་རྟེན་སྐྱེས་ནས་ཆོས་འཇིག་རྟེན་གྱི་བྱས་བ་ཅི་ཙམ་ཞིག་གི་གོ་སྐལ་ལེན་ཐུབ་ཡོད་དམ། ནོར་ལོངས་སྤྱོད་ཅི་ཙམ་ཞིག་གིས་མི་ཚེ་སྐྱེལ་བཞིན་ཡོད་དམ། འཇིག་རྟེན་འདིའི་ཤེས་རིག་གི་ཆ་ཤོས་ཅི་ཙམ་ལེན་ཐུབ་ཀྱི་ཡོད་དམ། འདི་ལྟར་ཕྱོགས་མང་པོ་ཞིག་ནས་བསམ་ན། འུ་ཚོ་འཇིག་རྟེན་འདིར་མི་ཞིག་ཏུ་སྐྱེས་ཀྱང་། སློབ་སྦྱོང་ཡང་ཡག་པོ་ཞིག་བྱེད་མ་ཐུབ། བྱས་པ་དེ་ཡང་རང་གཞན་གཉིས་ཕན་ཞིག་བེད་སྤྱོད་མ་ཐུབ། ནོར་ལོངས་སྐྱོད་བསགས་ཤིང་བེད་སྤྱོད་མ་ནུས། དེ་ལྟ་དེ་ལྟར་མི་ལུས་རིན་ཆེན་འདི་འཛད་ཀྱི་འདུག་ཨང་སྙམ་ནས་སྐྱོ་བའང་སྐྱེས། 

འུ་ཚོ་ལྷ་ཁང་དང་དགོན་སྡེ་ཁག་ཏུ་མཆོད་མཇལ་དུ་འགྲོ་སྐབས། ལྷ་དང་ཡི་དམ་སྲུང་ལ་སངས་རྒྱས་བྱང་སེམས་སུ་དང་སུ་མཇལ་གྱིན་ཡོད་དམ། མཇལ་བའི་སྐུ་བརྙན་དང་ཐང་ཀའི་ངོས་ཀྱི་བྱང་སེམས་དེ་དག་སུ་དང་སུ་ཡིན་ནམ། དེ་དག་གི་མཛད་པ་འཕྲིན་ལས་དང་། གསུང་རབས་གང་དང་ཅི་མཛད་ཡོད་དམ། དེ་དག་ཁྱོད་ཀྱིས་མཇལ་མྱོང་འདུག་གམ། མཇལ་བ་དག་གི་དོན་དག་རྟོགས་སམ།་འདི་ལྟར་བསམ་ན། འུ་ཚོ་ནི་དངོས་གནས་དྲང་གནས། རྟེན་གྱི་དྲུང་ནས་ས་གཙུབ་རྡུལ་གཙུབ་བྱས་ཏེ་ཕྱག་འཚམ་མཅོད་འབུལ་རེ་བྱེད་ཁུལ་བྱས་པ་ལས། དོན་དམ་དུ་ཅི་དང་གང་ཡང་ཤེས་མི་འདུག་ཨང་། 
ནང་རེ་དགོང་རེ་བོད་ཀྱི་དོན་ལ་འོང་༔ 
དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད༔ 
ང་ཡི་སྐུ་ལ་འདས་འཁྲུངས་ཡོད་མ་མཆིས༔

སྟག་སྣ་དགོན་པའི་གུ་རུ་མདུན་ནས་མིག་ཆུ་བཏབ་རྗེས་ཕྱིར་རང་གནས་སུ་ཡོང་སྟེ་གུ་རུའི་མཚན་སྔགས་དང་བསྟོད་པ་ཚིགས་བཅད་སོགས་བློར་འཛིན་ཁ་འདོན་བྱ་རྒྱུའི་ཆོད་སེམས་བཅོས། 
མཚན་སྔགས་འདི་འདོན་གྱིན་བཀའ་བསྡུས་ཀྱང་དུས་ཁོམ་ནམ་ཡོད་ལ་འདོན་དགོས་ཨང་སྙམ་མོ།། 


དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ 
དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོ་ཞབས༔ 
བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ 
གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ 
ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ 
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ 
ཨོཾ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
ཟིན་ཐོ་ཨ་ལགས་ཀླུ་སྨྱོན་ལགས་ཀྱིས་དྲི་བ་དེས་རྐྱེན་བྱས་ཏེ་བྲིས་པ་ཡིན་པས་ཨ་ལགས་ཀླུ་སྨྱོན་ཚང་ལ་བཀའ་དྲིན་ཆེ་ཞུ།།

༢༠༡༨།༡༡།༡༦། གུང་ཡོལ་ཙམ་ཤར་མར་བྲིས་པ་ཡིག་ནོར་དོན་ནོར་གང་མཆིས་བཟོད་པར་གསོལ་ལོ།།

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག