དྲང་སྲོང་རྒྱས་པ།




རྒྱ་གར་བྱུང་རབས་ཆེན་མོའམ་མ་ཧ་བྷ་ར་ཏའི་གཏམ་རྒྱུད་འདི་ནི་དྲང་སྲོང་རྒྱས་པས་མཛད་པ་དང་། གཏམ་རྒྱུད་ཆེན་མོ་འདི་མཛད་པའི་སྐབས་སུ་དྲང་སྲོང་རྒྱས་པ་ཁོང་དགུང་ལོ་༡༧༡ ལ་ཕེབས་ཡོད་པས། གཏམ་རྒྱུད་ཆེན་མོ་འདི་འབྲི་བར་ངལ་ཆེ་སྟབས། ཡིག་མཁན་གཞན་ཞིག་འཚོལ་དགོས་བྱུང་བ་དང་། དེ་ཡང་ཕལ་བའི་མི་རྣམས་ནི་ཉོན་མོངས་ཅན་ཡིན་པས་ནོར་འཕྱུགས་འབྱུང་སླ་བར་རྟེན། གཏམ་རྒྱུད་ཆེན་མོ་འདི་ཡི་གེ་འབེབ་པར་ཚོགས་བདག་གླང་སྣས་ཁས་བླངས་ཤིང་། གཏམ་རྒྱུད་ཆེན་མོ་འདི་ཡི་གེར་བཀོད། ཚོགས་བདག་གིས་ནོར་འཕྱུགས་མེད་པར་ཡི་གེར་འབེབས་རྒྱུ་དང་། དྲང་སྲོང་རྒྱས་པས་ཀྱང་གཏམ་རྒྱུད་འདི་བཤད་མཚམས་མི་འཇོག་པར་ཉིན་མཚན་བསྟུད་མར་བཤད་རྒྱུར་ཞལ་གྱིས་བཞེས། དེ་ལྟར་གཏམ་རྒྱུད་འདི་གྲུབ་པ་ཡིན་ལ། ཁྱོན་སྡོམ་ཤོ་ལོ་ཀ་འབུམ་གཅིག་ལྷག་ཡོད་པར་གྲགས། 

སྤྱིར་མ་ཧ་བྷ་ར་ཏའི་དམག་འཁྲུག་མ་བྱུང་སྔོན་དུ་དྲང་སྲོང་རྒྱས་པ་འདིས་སྐྱེས་བ་བརྒྱ་བླངས་མྱོང་བ་དང་། དེ་ཡང་སྐྱེས་བ་རེ་རེའི་མཛད་པ་ཐ་དག་མ་ལུས་པར་དྲན་པས་རིག་བྱེད་བཞི་ཆ་ཚང་བ་དང་ཨུཔནིཥད་གསང་གཞུང་༼འདི་ལ་བོད་སྔ་རབས་པས་བདུད་རྩི་ཐིག་ལུང་དང་ཉེར་གུས་ཞེས་སྒྱུར༽བརྒྱ་དང་བརྒྱད་ཡང་ཞིབ་ཏུ་ཐུགས་རྒྱུས་ཆེ་ཞིང་དྲན་པས། མ་ཧ་བྷ་ར་ཏའི་གཞུང་ཆེན་མོ་འདི་མཛད་པར་ཆ་རྐྱེན་ཡོངས་སུ་ཚང་ཡོད་ཟེར། 
དཔལ་ལེགས་ལྡན་ནག་པོའི་གླུ་ཞེས་པའི་ཧིན་དུའི་གཞུང་གྲགས་ཅན་དེ་ཡང་སྤྱིར་མ་ཧ་དྷ་ར་ཏའི་གཞུང་པོད་བཅོ་བརྒྱད་ཡོད་པའི་ནང་ཚན་དྲུག་པ་དེ་ཡིན་ཞིང་། གཞུང་དེ་ནི་མ་ཧ་བྷ་ར་ཏའི་དམག་འཁྲུག་གི་སྔོན་གྱི་ཉིན་དང་པོར་ཁྱབ་འཇུག་གིས་གསུང་པ་ཡིན་ལ། དེ་ནི་སྤྱི་ལོའི་སྔོན་གྱི་ལོ་༣༡༣༨ ཡས་མས་ལ་ངོས་འཛིན། 

ཁྱབ་འཇུག་གིས་ལེགས་ལྡན་གྱི་གླུ་ཞེས་པ་འདི་སྲིད་སྒྲུབ་གཙོས་མི་ལྔ་ལ་གསུངས་པ་དང་། དེ་དག་ལས་ལྔ་པ་དེ་མ་ཧ་བྷ་ར་ཏའི་གཞུང་རྩོམ་མཁན་དུ་གྲགས་པའི་དྲང་སྲོང་རྒྱས་པ་ཁོང་ཡིན་ཟེར། ཁོང་གིས་མ་ཧ་བྷ་ར་ཏའི་གཞུང་འདི་མ་མཛད་སྔོན་དུ་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་༡༨ ལས་༡༧ མཛད་ཟིན་པ་དང་། མ་ཧ་བྷ་ར་ཏ་འདི་༡༨ པ་ཡིན་ཡང་ཟེར། ཡང་ལ་ཤས་ཀྱིས་སྒྲུང་རབས་ཆེན་མོ་༡༨ དང་མ་ཧ་བྷ་ར་ཏ་འདི་༡༩ བར་བགྲངས་ཤིང་། འདིའི་ཐད་ནས་བཞེད་པ་མི་མཐུན་པ་ཁུངས་ལུང་བཅས་རྩོད་མཁན་མངས། 
ལེགས་ལྡན་གྱི་གླུ་དང་མ་ཧ་བྷ་ར་ཏ་ལྟ་བུ་ནི་སྒྲུང་རབས་ཆེན་མོའི་དཔེ་མཚོན་ཙམ་ཡིན་ཟེར་མཁན་ཡང་འདུག་ཅིང་། ལེགས་ལྡན་གྱི་གླུ་འདི་སྒྲུང་རབས་བཅོ་བརྒྱད་ལས་དྲུག་པར་འདོད་མཁན་ཡང་འདུག
ཡང་སྒྲུང་རབས་ཆེན་མོ་༡༨ དེ་ཡང་བགྲང་སྟངས་མི་འདྲ་བ་འགའ་རེ་འདུག་མོད། བདག་གིས་ད་སྔ་སྒྲུང་རབས་ཆེན་མོའི་བགྲང་སྟངས་མི་འདྲ་བ་གསུམ་མཇལ་མྱོང་། འདིར་ཆ་ཚང་གྲངས་པས་ངལ་བ་མི་བྱ། 

དྲང་སྲོང་རྒྱས་པ་འདི་བའི་མཚན་གྱི་རྣམ་གྲངས་ལ་དཔལ་ཁྱབ་འཇུག་རྒྱས་པའམ་དྲང་སྲོང་གླིང་སྐྱེས་སམ་དྲང་སྲོང་རྒྱས་པ་ཞེས་པ་འདི་ལ་དེ་བ་བྱཱས་སྟེ་རིག་བྱེད་རྒྱས་པ་སོགས་མང་ཞིང་། ཁྱབ་འཇུག་གི་སྤྲུལ་པ་ཉེར་བཞི་ཡོད་པ་ལས་༡༧ པ་ཡིན། འཇིག་རྟེན་དུ་རྩོམ་པར་མཁས་པ་འདི་ལྟ་བུ་སྔར་མ་བྱོན་ཞིང་ད་ལྟ་མེད་ལ་མ་འོངས་པར་མི་འབྱུང་ཟེར་བ་ནི་བཤད་ཚུལ་ཙམ་ཡིན་ནམ་སྙམ་ཞིང་། ལེགས་ལྡན་གྱི་གླུ་དེ་ཡང་སྔར་མེད་ཅིང་ད་ལྟར་དང་མ་འོངས་པར་ཡང་འབྱུང་མི་བཏུབ་པར་བཤད་དོ།། 

དྲང་སྲོང་རྒྱས་པས་ཚངས་པའི་མདོ་རྒྱ་ཆེར་འགྲེལ་བ་དང་གསང་བ་པའི་གཞུང་རྒྱ་ཆེར་འགྲེལ་བ། དཔལ་ནག་པོའམ་ཁྱབ་འཇུག་གི་གླུ་བཅས་བསྟན་བཅོས་འདི་གསུམ་ལ་འཇུག་ཡུལ་གསུམ་པ་ཟེར་ཞིང་། གཞུང་འདི་གསུམ་ནི་རིག་བྱེད་མཐའ་པ་ཞེས་པའི་གྲུབ་མཐའི་ཁུངས་བཅོལ་ས་དང་། ཚངས་པའི་མདོ་ཞེས་པ་ནི་གྲུབ་མཐའི་དེའི་གཞུང་རྩ་བ་ཡིན་ལ། ཚངས་པའི་རིག་པ་དང་ཚངས་པའི་མདོའི་རྒྱ་ཆེར་འགྲེལ་བ་མཛད་ཅིང་། ཕྱིས་སུ་རྒྱ་གར་གྱི་མཚན་ཉིད་སྨྲ་བ་གྲགས་ཅན་ཤཾཀརཱཅཱརྱ་ཞེས་པ་དེས་ལུང་རིགས་མང་པོས་བརྒྱན་པའི་ཚངས་པའི་མདོའི་དོན་གཏན་པ་ཕབ་པ་རྒྱ་ཆེར་འགྲེལ་བ་མཛད་དེ་གཉིས་མེད་སྨྲ་བའི་རིག་བྱེད་མཐའ་པའི་གྲུབ་མཐའི་སྲོལ་བཏོད་ཅིང་། ཁོང་གིས་ལྟ་བ་ནི་ཕྱི་ནང་གཉིས་ཀ་འདྲེས་བསྲེས་བྱས་པར་འདོད་མཁན་མང་ཞིང་། དུས་རབས་༡༢ པར་སློབ་དཔོན་ར་མ་ནུ་རྗི་གཙོས་མཁས་པ་མང་པོས་དགག་སྒྲུབ་ཀྱང་མཛད་མོད། དུས་རབས་བརྒྱད་པ་ནས་ད་བར་དུ་རྒྱ་གར་གྱི་མཚན་ཉིད་རིག་པའི་ལངས་ཕྱོགས་ཁོང་གི་དགོངས་པ་ལས་འདའ་ཐུབ་མེད་ཟེར། 

གོང་གི་གཞུང་གསུམ་ལས་དཔལ་ལེགས་ལྡན་ནག་པོའི་གླུ་འདི་ལ་ཡང་ཁྱབ་འཇུག་གིས་དངོས་སུ་གསུངས་པ་དང་དེའི་བྱིན་གྱིས་རླབས་ཏེ་དྲང་སྲོང་རྒྱས་པས་མཛད་པའི་ཆ་གཉིས་ཡོད་ཟེར་བ་འདིར་དེང་རྩོད་པ་མང་། 

སྤྱིར་དྲང་སྲོང་རྒྱས་པ་དང་མ་ཧ་བྷ་ཏ་ར་ལེགས་ལྡན་ནག་པོ་སོགས་ཀྱི་སྐོར་ལ་རང་རེའི་བོད་ཡིག་ནང་དུ་རྒྱས་བསྡུས་འདྲ་མི་ཡོད་མོད། གོང་བཀོད་འདི་དག་ནི་བདག་གིས་དཔེ་ཀློག་སྐབས་སུ་མཇལ་བའི་ཅུང་མ་འདྲ་བ་འགའ་རེ་ཡི་གེར་བཀོད་པ་ཙམ་མོ།། 

༢༠༡༩།༠༢།༠༡། ཡུལ་དབུས་ཀཱཤིའི་གྲོང་མཐིལ་ནས་ཡི་གེར་བཀོད། 

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག