རིག་བྱེད་གཏམ་རྒྱུད་ལས་བྱུང་བའི་དཔེ་རིས་གྲགས་ཅན་ཞིག་གི་འགྲེལ་བརྗོད་དང་ངོ་སྤྲོད།


སྔོན་ལྷ་ཚངས་པས་བསྒོ་བ་ལྟར། ལྷ་དང་ལྷ་མིན་རྣམས་ཀྱིས་བདུད་རྩིའི་དོན་དུ་འོ་མ་ཅན་གྱི་རྒྱ་མཚོ་བསྲུབས་པ་ན། 
ཞེས་སོགས་ནི་ང་རང་ཆུང་དུས་རང་དགོན་ནས་དགེ་རྒན་བསྟན་པས་སུམ་རྟགས་དང་མངོན་བརྗོད་དཔེ་ཁྲིད་སྐབས་གསུངས་པ་སབ་སིབ་ཅིག་དྲན་ངོས་སུ་འདུག་མོད། དཔེ་རུས་འདྲ་ཡོད་མེད་དྲན་མ་ཤེས་པ་མཐོང་ནི་དེ་བས་མ་མྱོང་། བླ་བྲང་དུ་སྤྱོད་འཇུག་ཆེན་མོའི་བློ་འཛིན་སྐབས་སུ་ དམ་ཆོས་འོ་མ་བསྲུབས་པ་ལས།། མར་གྱི་ཉིང་ཁུ་བྱུང་བ་ཡིན།། ་་་་་ཞེས་སོགས་གསུངས་པ་ད་དུང་བློ་ན་ཤ་ར་མ་རར་ཡོད་ཅིང་། བླ་བྲང་དུ་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་འཇམ་རྒྱ་དབྱངས་མཚོས་སྤྱོད་འཇུག་གི་བཀའ་ཁྲིད་གནང་སྐབས་ཀྱང་ལོ་ཅུང་ཆུང་བས་དོན་གནད་འཛིན་མ་ཐུབ་མོད། དགའ་ལྡན་བྱང་རྩེར་སྤྱོད་འཇུག་ཆེན་པོ་རྒྱུགས་ཕུལ་སྐབས་སུ་དེའི་འགྲེལ་བར་དོ་སྣང་བྱུང་ཞིང་། དེས་བགས་ཆགས་ཆེན་པོ་ཞོགས་པ་ཡིན་ནམ། ཡང་༧གོང་ས་མཆོག་གི་སྐུ་མདུན་ནས་དང་། མཐོ་སློབ་ཏུ་དགེན་པད་མ་རྡོ་རྗེ་ལགས་ཀྱིས་སྤྱོད་འཇུག་བཀའ་ཁྲིད་དང་རྒྱུགས་སྤྲོད་བཅས་ཀྱིས་སྤྱོད་འཇུག་གིས་བདག་གི་སེམས་རྒྱུད་དུ་ཆོས་སེམས་དང་ཆོས་ངོ་ཅུང་ཟད་ཤེས་པར་བྱས་འདུག་སྙམ་པ་ཞོར་འཕྲོས་སུ་ཐལ་བས་དགོངས་འགལ་མེད་པ་ཞུ། 


བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། 

དམ་ཆོས་འོ་མ་བསྲུབས་པ་ལས།།
མར་གྱི་ཉིང་ཁུ་ཕྱུང་བ་ཡིན།།

ཞེས་པ་ལྟ་བུ་དང་། དེ་བཞིན་དུ་དུས་ཀྱི་འཁོར་ལོའི་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་ལྟ་བ་ངན་པའི་དུག་འགའ་ཞིག་གིས་གསོལ། 
དྲང་དོན་གྱི་ཟླ་བ་ཕྱེད་པ་མཁས་པ་གཞན་གྱིས་བྱིས་པ་རྣམས་དགའ་བའི་རྒྱན་དུ་བྱས། ཞེས་སོགས་དང་ཡང་། 
རྒྱ་མཚོ་བསྲུབས་ལས་བདུད་རྩི་ཇི་བཞིན་དུ།
ཡང་དག་དོན་གྱི་སྙིང་པོ་ཁོ་བོས་བླངས།
འདབ་བརྒྱའི་ཚལ་ནས་སྦྲང་རྩི་བུང་བས་ལེན།  
ཆུ་དང་འོ་མ་ངང་པས་སོ་སོར་འབྱེད།
ནོར་བུ་མཆིང་བུ་དེད་དཔོན་མཁས་པས་ཤེས། ཞེས་པ་ལྟ་བུ་དཔེ་འོ་མཚོ་བསྲུབས་པར་དཔེ་བླངས་པའི་བརྗོད་པ་ཤིན་ཏུ་མང་།
ལེགས་ལྡན་ནག་པོའི་འགྲེལ་བ་མང་པོར་འོ་མའི་མཚོ་བསྲུབས་པ་ལས་མར་གྱི་སྙིང་པོ་བཏོན་པ་ལྟར་ཞེས་དཔེ་འཇོག་འདི་ཡང་ཡང་འབྱུང་སྐབས། སྤྱོད་འཇུག་གི་གསུང་དེ་དང་། དེ་ནས་ཡང་མངོན་བརྗོད་ནང་གི་རྒྱ་མཚོ་བསྲུབས་པ་ལས་དུག་ནག་པོ་བུམ་པ་གང་བྱུང་ཚུལ་གྱི་རིག་བྱེད་གཏམ་རྒྱུད་དེ་དྲན། དེ་ནས་དྲ་ཐོག་ཏུ་ཧིན་དུའི་ལུགས་ཀྱི་སྲིད་པའི་འཁོར་ལོའི་དཔེ་རིས་ཤིག་བཙལ་སྐབས་ཏག་ཏག་མཚོ་བསྲུབས་པའི་དཔེ་རིས་སྣ་ཚོགས་ཀྱང་རྙེད། འགའ་རེ་དྲ་ཐོག་ཏུ་བཞག་སྟེ་ངོ་སྤྲོད་ཐུང་ཙམ་རེ་བྱས་མྱོང་མོད། དེ་རུང་སྤྱོད་འཇུག་གི་ཚིག་དང་སྦྱར་ནས་བཤད་དགོས་དོན་ནི། འོ་མཚོ་བསྲུབས་པའི་དཔེ་འཇོག་འདི་རྒྱ་གར་གྱི་གནའ་བོའི་མཚད་ཉིད་རིག་པའི་རིགས་ལམ་སྟེང་གི་དཔེ་འཇོག་གྲགས་ཅན་ཞིག་ཡིན་པ་དང་། འདི་ལྟ་བུའི་དཔེ་འཇོག་གྲགས་ཅན་དག་ཕྱི་ནང་གཉིས་ཀྱི་གཞུང་གང་དུ་མཁས་པ་སུས་ཐོག་མར་གསར་གཏོད་གནང་བ་ཡིན་མིན་ཆ་འཚལ་མོད། གང་ལྟར་སྔ་མོ་ནས་བཀོལ་བཞིན་པ་དང་ནང་པས་ཀྱང་རང་གི་རིགས་ལམ་མམ་གསུང་དོན་གོ་བདེའི་སླད་དུ་ཕྱི་བའི་རིག་བྱེད་ཀྱི་གསུང་གི་ཚིག་དོན་མང་པོ་ཞིག་བེད་སྤྱོད་གནང་བཞིན་པའང་གོང་གི་དཔེ་འདི་དང་གཞན་ཡང་མདོ་རྒྱུད་མང་པོར་དཔེ་འཇོག་ཙམ་ལས་ཕྱི་བའི་གཞུང་གི་ཚིགས་བཅད་མང་པོ་དགག་པ་དང་སྒྲུབ་པའི་སླད་དུའང་བཀོལ་འདུག
འོ་མཚོ་བསྲུབས་པའི་སྐོར་ནས་འདི་ལྟར། དེ་ཡང་སྔོན་འཇིག་རྟེན་ཆགས་པའི་ཚེ་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་རི་རབ་ལས་བསྲུབ་ཤིང་བྱས། ཀླུའི་རྒྱལ་པོ་ནོར་རྒྱས་ལ་བསྲུབ་ཐག་བྱས་ནས། ()
རྒྱ་མཚོ་བསྲུབས་པ་ལས་བདུད་རྩི་བུམ་པ་གང་དང་དུག་ནག་པོ་ཧ་ལ་དང་ཟླ་བ་ཕྱེད་པ་ཅིག་དང་གསུམ་བྱུང་། དེའི་ཚེ་བདུད་རྩི་ལྷ་རྣམས་ཀྱིས་ཁྱེར། 
དུག་ནག་པོ་ཧ་ལ་དབང་ཕྱུག་ཆེན་པོས་འཐུང་པས་མགྲིན་པ་ནག་པོར་སོང་། 
ཟླ་བ་ཕྱེད་པ་དབང་ཕྱུག་གི་གཙུག་རྒྱན་བྱས་པས་གཙུག་ན་ཟླ་བ་ཞེས་གྲགས་ཞེས་སོགས་མངོན་བརྗོད་དང་རིག་བྱེད་ཀྱི་གཞུང་དག་ལས་ཤེས་སླའོ།། 
འོ་མའི་མཚོའམ་རྒྱ་མཚོ་བསྲུབས་པའི་དཔེ་རིས་འདི་རྒྱ་གར་ཙམ་མ་ཟད། དེང་སང་ནང་པའི་རྒྱལ་ཁབ་ཏུ་གྱུར་བའི་ཐའེ་ལན་ཊི་དང་ཁམ་བྷོ་ཊི་ཡ་སོགས་སུའང་རྡོ་ལ་བརྐོས་པའི་དཔེ་རིས་མི་ལོ་སྟོང་གི་སྔོན་ནས་འདུག་པར་བསམ་ན། རྒྱལ་ཁབ་དེ་དག་ཏུའང་ཧིན་དུའི་ཆོས་ལུགས་དར་རྒྱས་ཆེན་པོ་བྱུང་བ་དང་ཕྱིས་སུ་རིམ་པས་ནང་པ་ཁ་གཙང་གི་རྒྱལ་ཁབ་ཏུ་གྱུར་བ་ཡིན་ནམ་སྙམ་པ་སོགས་ཡུལ་དེ་དག་ཏུ་ནང་ཆོས་དར་བའི་ལོ་རྒྱུས་ལ་ཟུར་དུ་བལྟས་མ་མྱོང་།

() ཁྱབ་འཇུག་གི་འཇུག་བ་བཅུ་བཤད་སྐབས་ཁྱབ་འཇུག་གིས་ཁོང་གི་སྤྲུལ་པ་རིས་སྦལ་གྱི་སྒལ་བའི་སྟེང་དུ་བསྲུབ་ཤིང་བྱས་ཚུལ་བཤད་ཅིང་། དཔེ་རིས་མང་པོར་རི་རབ་གྱིས་བསྲུབ་ཤིང་བྱས་པ་དང་། ཡང་དཔེ་རིས་མང་པོར་ཁྱབ་འཇུག་གིས་བསྲུབ་ཤིག་བྱས་པ་གནའ་སྔ་མོ་ནས་རྡོ་བརྐོས་དང་ལྡེབས་རིས་སོགས་བཞེད་ཚུལ་གཉིས་ཀ་བརྐོས་བྲིས་བྱས་པའང་འདུག་ཅིང་། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱིས་བསྲུབ་ཐག་བྱས་ཞེས་པའི་དོན་ནི་དཔེ་རིས་ལས་བསྲུབ་ཐག་སྤྲུལ་མང་པོ་ཐག་པའི་སྲོལ་དུ་ཡོད་པ་ཀླུའི་དོན་ཡིན། དཔེ་རིས་རྒྱ་གར་ཕྱི་པའི་རྡོའི་ལྷ་ཁང་མང་པོའི་རྩིག་ངོས་སུ་བརྐོས་བཀོད་བྱས་པ་མཇལ་རྒྱུ་ཡོད་ཅིང་དོན་གྱི་སྙིང་པོ་ནི་འཁོར་བ་དང་འཇོག་རྟེན་བཀོད་པའི་དཔེ་རིས་ཏེ། དབང་ཕྱུག་གི་ལིངྒ་དང་ཨུ་མའི་པད་མའི་དཔེ་སྟེ། ཡབ་ཡུམ་གཉིས་དང་དཀར་དམར་གཉིས། ཐབས་ཤེས་གཉིས་སྔགས་གཞུང་གི་གོ་བ་སོགས་འདིའི་སྐོར་ནས་རྗེས་སུ་བྲི་བར་འབད་པར་བྱའོ།། 


༢༠༡༩། ༡༡། ༠༡ ཟླ་ཚེས་བཟང་པོར་གཅན བཟོད་རྒྱམ་པས་དཔེ་ཀློག་གི་ཞོར་ནས་སྤྲོས་སོ།།

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག