ཧམ་པ་ཅུང་ཙམ་བཤད་ན།

འབྲོག་པ་ཚི་ལྟིག་ཅིག་གིས་ཨུ་ཚུགས་བཤད་ན།


རྒྱ་གར་བྲམ་ཟེ་བའམ་()ཧིན་དུ་བ་()འདི་ཚོ་ཧམ་པ་ཆེ་རུ་ཆེ་རུ་འགྲོ་ཡི་འདུག་སྟེ། དེང་གི་རྒྱ་གར་བའི་རྒྱལ་ཁམས་ཆེན་པོ་འདིའི་ས་གཞི་མི་ལོ་ས་ཡ་བདུན་བཅུ་དོན་གཅིག་ཙམ་ནས་ཨ་ཧྥི་རི་ཁའི་ཕྱོགས་ནས་སྤོས་སྣུར་གྱིས་ཡོང་བར་དེང་གི་ཚན་རིག་པ་གཙོས་ས་རྒྱུས་རིག་པ་བ་ཚོས་དཔེ་རིས་དང་བཅས་བཤད། དེ་མཚུངས་རྒྱ་གར་བ་ཚོས་ས་གཞི་ཆེན་པོ་འདི་རྒྱ་གར་གྱི་བྱུང་རབས་ཆེན་མོ་མ་ཧཱ་བྷཱ་ར་ཏའི་སྐབས་ནས་འདི་ལྟའི་གཞི་ཁྱོན་ཆེ་བ་ཞིག་ཡིན་པར་བཤད་ཅིང་། མ་ཧཱ་བྷཱ་ར་ཏའི་དམག་འཁྲུགས་མཇུག་གི་ས་ཁྲ་ཡིན་ཟེར་བ་དེ་ནི་མི་ལོ་ས་ཡ་བདུན་བཅུའི་སྔོན་དུ་ཨ་ཧྥི་རི་ཁ་ནས་སྤོས་ཡོང་བའི་ས་རིས་དེ་དང་ཆེ་ཆུང་དང་དབྱིབས་སོགས་གཅིག་པ་ཡིན་འདུག 
ཡང་མ་ཧཱ་བྷཱ་ར་ཏའི་དམག་འཁྲུག་གཙོ་བོ་བྱེད་ས་དེང་གི་གནའ་དཔྱད་པས་ངོས་འཛིན་ས་ཁུལ་དང་། མ་ཧཱ་བྷཱ་ར་ཏའི་སྒྲུང་དུ་བྱུང་བའི་ས་ཁུལ་སོགས་ལ་བསམ་ཞིང་དཔྱད་ན་དེ་འདྲ་ཞིག་མིན་པར་མ་ཟད། དེང་གི་རྒྱ་གར་ཀྱི་ས་ཁྱོན་གསུམ་ཆའི་གཉིས་ཀྱང་ཟིན་ཡོད་མེད་ཐེ་ཚོམ་འདུག་མོད། བོད་དུ་དར་བའི་མ་ཧཱ་བྷཱ་ར་ཏའི་གཏམ་རྒྱུན་གྱི་བྱུང་རིམ་སྣ་ཚོགས་ཡོད་པ་དག་ལས་ནི་དེང་གི་རྒྱ་གར་བས་ཧམ་བཤད་དང་མཚུངས་ཙམ་བརྗོད་པས་གཞི་རྒྱ་ཆེ་བ་དང་། མ་ཧཱ་བྷཱ་ར་ཏའི་དམག་འཐབ་འདི་ཡང་ཚེ་ལོ་བརྒྱད་ཁྲིའི་དུས་ན་བྱུང་བར་འདོད་མོད། འདི་རྒྱ་གར་བ་དང་ཡང་མཐུན་དཀའ།
ཡང་ཚན་རིག་པས་བཀོད་པའི་ས་གཞི་སྤོས་སྣུར་གྱི་དཔེ་རིས་དེར་མ་དཔྱད་པའམ་དོ་སྣང་ཆུང་བས་སྐྱོན་འདི་ལྟ་སྟེ། མི་ལོ་ས་ཡ་བདུན་བཅུའི་སྔོན་དུ་ས་གཞི་ཆེན་པོ་དེ་སྤོས་སྣུར་བྱེད་འགོ་བཙུགས་པ་ནས་དེང་གི་སིང་ག་ལའམ་ལིང་གའི་ཡུལ་ཟེར་བ་ Sri Lanka འདི་ཡང་རྒྱ་གར་གྱི་ས་གཞི་ཆེན་མོའི་རྗེས་སུ་འབྲངས་ཏེ། དཔེ་རིས་སུ་གསལ་བའི་མི་ལོ་ས་ཡ་༧༡ དང་། ས་ཡ་༥༥། ས་ཡ་༣༨། ས་ཡ་༡༠ སོགས་མི་ལོ་འདི་འདྲ་མང་པོའི་རིང་རྒྱ་གར་གྱི་ས་གཞི་ཆེན་མོ་དང་མ་འདྲེས་མ་འབྲལ་བར་དེ་རིང་གི་བར་དུ་ཡོད་པ་འདི་ནི་དངོས་སུ་དཔྱད་པ་ཡག་མ་བྱས་པས་ནོངས་པ་དང་། 

མ་གཞི་ལིང་གའི་ཡུལ་འདི་རྒྱ་གར་གྱི་ས་གཞི་ཆེན་མོ་རིམ་པས་ཆུར་དཔྱང་པས་ལིང་གའི་ཡུལ་ཡོད་སའི་ས་གཞི་འདི་ཆུའི་མ་ནུབ་པར་གླིང་ཕྲན་དུ་གྱུར་ཚུལ་དང་། དེ་ཡང་དེང་གི་ལིང་གའི་ཡུལ་མིའི་སྐད་དང་ཡི་གེ་ཡུལ་གོམས་གཤིས་ལུགས་དང་། མིའི་སྐྱེ་གཟུགས་བྱད་བཞིན་སོགས་གང་ཐད་ནས་རྒྱ་གར་ལྷོ་ཕྱོགས་རྟ་མིན་ན་ཐ་དང་ཧ་ཅང་འདྲ་ཆེ་ཞིང་། འདི་དག་གི་མེས་པོ་གང་ཡིན་ཐད་ནས་རྒྱ་གྱི་བྱུང་རབས་ཆེན་པོ་དག་ཏུའང་གཅིག་ཡིན་ཚུལ་མང་(ཡིག་ཉོག་བསྐྱུངས།) ཞིང་མིའི་རིགས་རིག་པ་མང་པོས་ཀྱང་བཤད་མོད། ཚན་རིག་ནི་ཆེས་རྨོངས་དད་ཅིག་དང་། མཚམས་རེར་ཚན་རིག་ལས་རྨོངས་དད་ཆེ་བ་མི་འདུག་ཟེར་བའི་དགོས་པ་ཡང་འདི་ལྟ་བུའི་འོལ་ཚོད་མང་པོར་བརྟེན་ནམ་གང་ཤེས། 
ད་བྱས་ན་རྒྱ་གར་གྱི་ས་གཞི་ཆེན་མོ་དེ་སྤོས་སྣུས་ཀྱིས་བོད་ཆེན་པོའི་ས་གཞི་དང་གདོང་གཏུགས་བྱུང་བས་བོད་ཀྱི་ས་གཞི་སྤོ་རུ་འཕགས་པ་དང་། ཧི་མ་ལ་ཡའི་རི་རྒྱུད་བྱུང་བ་སོགས་བཤད་པ་ལྟར་བདེན་ན། རྒྱ་གར་གྱི་ས་གཞི་ཆེན་མོ་འདི་བོད་དང་མ་གཏུགས་མ་འདྲེས་པའི་སྔོན་དུ། བོད་ཀྱི་སའི་ལྷོ་མཐའ་སོགས་ནི་རྒྱ་མཚོ་ཆེན་མོར་འདྲེས་ཤིང་། མཚོ་འགྲམ་དག་ཏུ་བོད་མི་རྒན་དར་གཞོན་གསུམ་ཚང་མས་ཆུ་རྐྱལ་ཞིང་ཉ་འཛིན་པ། རྒྱ་མཚོའི་རླངས་ཕྲེང་དབར་ན་དེང་གི་ནུབ་ཕྱོགས་པ་ལྟར་རྐྱལ་རྩལ་ངོམས་པ་དང་། རྒྱ་མཚོ་ལས་རྡོ་རིགས་རིན་ཆེན་སྣ་ཚོགས་ལེན་པ་སོགས་བྱེད་ཀྱི་ཡོད་པ་ལོས་ཡིན། 
ད་དུང་བོད་ཀྱི་ཁ་འབབ་རྣམ་བཞིས་གཙོས་བོད་ཀྱི་གཙང་པོ་ཆེན་པོ་འཇིག་རྟེན་ན་མིང་དོན་ལྡན་པ་དག་ཀྱང་ལྷང་ལྷུང་དུ་འབབ་བཞིན་ཡོད་མེད་མི་ཤེས་ལ། ས་གཞི་གཉིས་གདོང་གཏུགས་དྲག་པོ་བྱུང་བས་དེའི་སྲིབ་ཀ་ཞིག་ནས་བཙུར་འོང་བའི་ཆུ་མིག་དག་ནི་དེང་གི་གཙང་ཆེན་འདི་དག་གི་འགོ་ཁུངས་ཡིན་སྲིད་ལ། ཡང་བོད་ཀྱི་ས་གཞིར་སྔར་ནས་ཡོད་པའི་ཆུ་མིག་འགའ་རེ་རང་དང་ཉེ་བའི་རྒྱ་མཚོ་འབབ་པ་ཙམ་ལས། དེང་གི་ཁ་འབབ་བཞི་ལྟར་རྒྱལ་ཁབ་འདྲ་མིན་འགའ་རེར་སྤྱི་ལེ་ཁྲི་སྟོང་གི་སར་བཞུར་ནས་མཐར་རྒྱ་མཚོར་འབབ་པ་འདི་ལྟ་བུ་ཡིན་མིན་ཡང་ཐེ་ཚོམ་ཅིས་མི་ཆོག་ཨང་། 


ཡང་ལྷོ་ནས་ནུབ་ཏུ་སྤོས་སྣུར་བྱས་པའི་ས་གཞི་ཆེན་མོ་འདིའི་སྟེང་ན་གནས་པའི་མི་རིགས་ནག་པོའི་རིགས་དང་བོད་ཀྱི་ས་གཞི་ཆེན་མོར་གནས་འཆའ་བཞིན་པའི་བོད་མིའི་མེས་པོ་དག་པ་ལྷའི་རིགས་སུ་སྐྱེས་པ་གཉིས་ས་གཞི་གཏུགས་འདྲེས་ལས་ཕན་ཚུན་ཕྱོགས་ཐམས་ཅད་ནས་མི་འདྲ་བས། རྩོད་པའི་དམག་འཐབ་དྲག་པོ་བྱུང་སྟེ། ལྷ་དང་ལྷ་མ་ཡིན་གྱི་དམག་འཐབ་ཅེས་པ་ཡང་རྒྱ་གར་བའི་རིག་བྱེད་གཏམ་རྒྱུད་ནས་འཆད་པ་དེ་ཙམ་མ་ཡིན་པར། ལྷོ་ནས་སྤོས་སྣུར་བྱས་པའི་རྒྱ་གར་བའི་མེ་པོ་རྣམས་དང་། བོད་ཀྱི་ས་གཞི་ཆེན་མོར་གནས་པའི་བོད་མིའི་མེས་པོ་དག་གི་དབར་གྱི་དམག་འཐབ་ཅིག་ཀྱང་ཡིན་སྲིད་ལ། ཧི་མ་ལ་ཡའི་རིའི་ལྷོ་ཁུལ་དག་ནས་རིམ་པས་མི་རིགས་འདྲེས་མར་གྱུར་བའི་ཚུལ་ལ་འཕགས་བོད་ཀྱི་ནུབ་རྒྱུ་དུ་གནས་པ་གནའ་བོའི་བོད་ཁམས་སུ་གཏོགས་པའི་བྲུ་ཤ་སོགས་ནས་ཤར་ངོས་འབྲས་ལྗོངས་བར་གྱི་མཚམས་བར་དུ་བསམ་ན། ནུབ་སྤལ་ཏི་བྲུ་ཤ་ཀ་སྨིར་ཕྱོགས་ནས་རིམ་པས་རྒྱ་གར་ནུབ་བྱང་ཧི་མ་ཅལ་ཕྱོགས་དང་དེ་ནས་ཡུལ་དབུས་བྱང་ཕྱོགས་ལེཀ་ནོ་ནས་བལ་ཡུལ་སོགས་གྱི་མིའི་བྱད་བཞིན་སོགས་ལ་ཧོབ་ཏུ་བསམ་ན་བདེན་བདེན་དུ་འདུག་སྙམ་ཡང་སྐྱེ་སྲིད་མོད།  ཞིབ་ཏུ་ནི་གཏིང་ཟབ་མོ་དང་མི་ལོ་ས་ཡ་མང་པོའི་སྔོན་གྱི་གཏམ་ནས་མར་འདེད་དགོས་པས། སུ་ཞིག་གིས་གསལ་བར་འཆད་ནུས་ཏེ་དཀའ་མོ་རེད། 

ཡང་ས་གཞིའི་སྤོས་སྣུར་གཏུགས་འདྲེས་དེ་བྱུང་མེད་ཚེ། དེང་གི་བོད་མངའ་རུས་ཁུལ་དང་ལ་དྭགས་སོགས་ས་ཁུལ་འདི་ཚང་མ་ཡང་དེང་གི་ས་མཐོའི་རྩྭ་རྩི་དོག་སྐྱེ་དཀོན་པ་དང་། མི་དང་ཟོག་ལུག་སེམས་ལྡན་གཟུགས་ཆུང་བ། ལུས་སུ་པགས་རིགས་གྱོན་ཞིང་ཟོས་སུ་ཤ་ཁྲག་སྤྱོད་པ་དེ་འདྲ་ཡིན་མི་དཔེ་སྙམ་མོད། རྒྱ་གར་ས་གཞི་ཆེན་མོས་བོད་སར་འཐབ་གཏུགས་ཀྱིས་བོད་སྤོ་རུ་བཏེགས་པས། དེ་རིང་ང་ལྟ་བུའི་ཚི་ལྟིག་དག་གིས་པགས་རིགས་གོས་ཀྱི་སྲོལ་རྒྱུན་བཟང་པོར་གོམས་འདྲིས་སོང་ཞིང་། ཤ་ཁྲག་ཟས་ཀྱི་མཆོག་ཏུ་བསྟེན་གཏུགས་བྱེད་བཞིན་རྒྱ་གར་གྲོལ་མཐིལ་དག་ན་ཚི་དྲི་ཁ་ལེར། ཤ་དྲི་འཐིལ་ལེར་འཁྱམ་བཞིན་བྱུང་བ་འདི་ལྟ་བུའི་འཆར་ཡན་ཡི་གེ་ཕབ་པོ། །ཧ་ཧ་ཧ

འདི་དག་གློ་བུར་སེམས་ངོར་འཁྲལ་འཁྲུལ་དུ་ཤར་བའི་འཆར་ཡན་ཡི་གེར་ཕབ་པ་ཙམ་ལས། དཔྱད་པའི་འབྲས་བུ་ཆེར་མེད་པ་མཁྱེན་མཛོད་ཅིག 

() བྲམ་ཟེ་འདི་རིག་བྱེད་གཙོར་འཛིན་པ་ཚོ་ཟེར་ནས་དེང་སང་གི་རིག་གསར་པ་རྣམས་མི་རངས། ངོ་རྒོལ་རྩོམ་ཡིག་དང་དེབ་བྲིས་པའང་མང་དུ་ཡོད། 

() ཧིན་དུ་བ་ཟེར་བ་རྒྱ་གར་བ་ཡོངས་ལ་མི་གོ་བར་ཧིན་དུའི་ཆོས་ཀྱི་རྗེས་འབྲངས་པ་སྟེ་བོད་སྔ་རབས་རྣམས་མུ་སྟེགས་པ་ཟེར་བ་དེ་ཡིན་མོད། དེང་སང་མུ་སྟེགས་པའི་ཆོས་ལུགས་ལ་ཧིན་དུའི་ཆོས་ལུགས་ཞེས་ཆབ་སྲིད་གཏིང་ནག་པའི་བརྡ་ཆད་ཅིག་བཟོས་ནས་ས་རྡོ་ཚུན་ལ་ཁྱབ་སྤེལ་བྱེད་པ་འདི་རྒྱ་དམར་ལས་དཔེ་བླངས་བ་ཡིན་ནམ་ཡང་ན་རྒྱ་དམར་པོས་འདི་དག་ལས་བླངས་ཆ་མ་འཚལ། 

༢༠༡༩།༡༡།༠༥ ཉིན་གཅན བཟོད་རྒྱམ་པས་བྱུང་རྒྱལ་དུ་བྲིས་སོ།།


Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག