གནའ་བོའི་ཡིག་རྙིང་དང་རྡོ་བརྐོས་ཡི་གེ་མང་པོར་དབྱེ་ཞིབ་བྱེད་སྐབས་ཀྱི་དཀའ་ངལ་འགའ་ཆེད་དུ་གླེང་བ།


བོད་ས་སྟོད་སྨད་བར་གསུམ་དང་དམིགས་བསལ་མར་ཡུལ་ལ་དྭགས་ཕྱོགས་སུ་བོད་ཡིག་ཅན་གྱི་རྡོ་བརྐོས་མཆོད་རྟེན་སོགས་གྲངས་མང་ཡོད་ཅིང་། དེ་དག་ལས་འགའ་རེར་་གནའ་བོའི་བོད་ཀྱི་བཙན་པོའི་སྐབས་ཀྱི་གལ་ཆེའི་མི་སྣ་རེ་ཟུང་གི་མཚན་དང་ནང་དོན་འཁོད་པ་མ་ཟད། ཡི་གེ་འབྲི་སྟངས་ཀྱི་ཆ་ནས་ཀྱང་བོད་བཙན་པོའི་བཀའ་གཙིག་གི་སྤྱི་འགྲོས་མངོན་གསལ་ལྡན་པས། དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་འདུག 

གནའ་བོའི་རྡོ་བརྐོས་ཡིག་རྙིག་ཡི་གེ་དེ་དག་དང་ཏུན་ཧོང་བོད་ཡིག་ཤོག་དྲིལ་སོགས་ཀྱི་ཡིག་གཟུགས་ལ་སྣ་ཚོགས་ཡོད་ཅིང་། ལ་ལ་ནི་བྲིས་ཧ་ཅང་ལེགས་པ་དང་འགའ་རེ་ནི་བྲིས་མི་ལེགས་པས་བོད་ཡིག་ཡིན་མིན་ཁ་ཚོན་གཅོད་དཀའ་བ་ཡང་འདུག འོན་ཀྱང་བོད་ཀྱི་བཙན་པོ་རིམ་བྱུང་གི་སྐབས་སུ་དང་དེའི་རྗེས་སུ་བཞེངས་སྐྲུན་གནང་བའི་རྡོ་རིངས་དང་བྲག་བརྐོས་ཡི་གེ་མང་པོ་ཞིག་པར་གཞི་གཅིག་ནས་གཅིག་ལ་པར་བཤུས་བྱས་པ་ལྟར་ཡིག་གཟུགས་ཧ་ཅང་ཡག་པོ་དང་། གཅིག་མཚུངས་ལྟར་ཡིན་པས་དེང་གི་རྩིས་འཕྲུལ་ལས་བཏོན་པའི་ཡིག་གཟུགས་ལྟར་ཆེ་ཆུང་དང་དབྱངས་འདོགས་ཚེགས་ཤད་སོགས་གཅིག་གྱུར་ཆེན་པོ་བྱུང་པས་ཚིག་དོན་བརྡ་རྙིང་གིས་དོན་གོ་ཐུབ་མིན་ཙམ་ལས། ཡིག་གཟུགས་ཀློག་མི་ཤེས་པའི་དཀའ་ངལ་མེད། འོན་ཏེ་བྲག་བརྐོས་འགའ་དང་རྡོ་ཕ་བོང་ཆེ་ཆུང་སྣ་ཚོགས་སུ་གསལ་བའི་བརྐོས་བྲིས་ཡི་གེ་མང་པོ་ཞིག་བོད་ཡིག་ཡིན་ལ་དོན་ཡང་གོ་ནའང་། ཐོག་མར་ལྟ་སྐབས་བོད་ཡིག་ཡིན་མིན་གྱི་ཐེ་ཚོམ་དང་དེ་ནས་བོད་ཡིག་ཡིན་ཡང་ཀློག་མི་ཤེས་པ། ཀློག་ཤེས་ཀྱང་དོན་མི་གོ་བ་སོགས་དཀའ་ངལ་སྣ་ཚོགས་འཕྲད་བཞིན་པས། རྡོ་བརྐོས་ཡི་གེ་འགའ་རེ་བོད་ཡིག་ཡིན་ནའང་བོད་ཡིག་མ་ཡིན་པའི་ཁོངས་སུ་བཞག་སྟེ་དཔྱད་པ་མ་གནང་བ་དང་སྐྱུར་འཇོག་བྱས་པ་དེ་འདྲ་འདུག དེ་བས། གནའ་བོའི་རྡོ་བརྐོས་ཡི་གེ་ཡིག་འབྲུ་གཅིག་ཡིན་ནའང་བོད་ཡིག་ཡིན་མིན་དང་དོན་དག་ཅི་ཡིན་སོགས་ལ་དཔྱད་པ་མཐིལ་ཕྱིན་པ་གནང་གལ་ཆེ་སྟེ། གལ་ཏེ་དཔྱད་ནོར་ཤོར་ཚེ་བོད་ཀྱི་ལོ་རྒྱུས་སྤྱི་དང་། དེ་དང་འབྲེལ་བའི་བོད་ཀྱི་མངའ་ཐང་དང་སྟོབས་ཤུགས། རྒྱལ་ཁབ་དང་མི་རིགས་གཞན་དག་ལ་འབྲེལ་འདྲིས་ཀྱི་བྱུང་རབས་སོགས་ལ་ཚབས་ཆེའི་གནོད་པའི་གཞིར་འགྱུར་གྱི་ཡོད་སྟབས། གནའ་བོའི་རྡོ་བརྐོས་དག་ལ་དཔྱད་ཞིབ་གནང་སྐབས་ཅི་ནས་ཀྱང་གཟབ་གཟབ་གནང་གལ་ཆེ།

གཤམ་ནས་བོད་ཡིག་རྡོ་བརྐོས་དང་ཏུན་ཧོང་ཡི་གེའི་དཔེ་འགའི་ཡིག་གཟུགས་འདྲ་མིན་དཔེ་མཚོན་དུ་འདྲེན། 
 ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་གི་པར་གཞི་གསུམ་ལ་ལྟ། དང་པོ་བོད་ཡིག་ཡིན་པ་ངོས་འཛིན་སླ་ཞིང་ནང་དོན་ཀྱང་མི་གོ་མེད། གཉིས་པ་བོད་ཡིག་ཡིན་པ་ཤེས་སླ་མོད། ཡིག་གཟུགས་བྲིས་མི་ལེགས་པས་བལྟས་མ་ཐག་ཀློག་དཀའ་ཙམ་ཡོད།



གསུམ་པ། བོད་ཡིག་ཡིན་པ་དང་བྲིས་མི་ལེགས་པས། ཀློག་དཀའ་བ་དང་དོན་ཡང་ཐད་ཀར་གོ་རྒྱུར་འགོག་རྐྱེན་འཕྲད། དཔེ་འདི་གསུམ་ཤོག་བུའི་སྟེང་བྲིས་པ་ཡིན་པ་དང་། གསལ་བོར་ཡོད་པས་ཡིག་འབྲུ་རེ་རེའི་གཟུགས་རིས་མི་ཤེས་པའི་དཀའ་ངལ་མི་འདུག

ལྡོག་སྟེ། ལྡེབས་རིས་དང་རྡོ་བརྐོས་ཡི་ག་ེནི་དེ་ལྟ་མིན་པར་ཕྱེད་གསལ་ལ་ཕྱེད་མི་གསལ་བ། སྔོན་འཇུག་གསལ་ལ་མིང་གཞི་དང་རྗེས་འཇུག་མི་གསལ། མིང་གཞི་གསལ་ལ་དབྱངས་འདོགས་མི་གསལ་བ་དང་། ཚིག་མགོ་ཡོད་ལ་ཚིག་སྔ་མེད་པ་དང་། ཡིག་འབྲུའི་ཕྱེད་གསལ་ལ་ཕྱེད་མི་གསལ་བའམ་མགོ་ཅན་གསལ་ལ་མིང་གཞི་ཡོད་པ་ཤེས་ནའང་ཅི་ཡིན་ཤེས་དཀའ་བ་སོགས་ཆགས་སྐྱོན་ཤོར་བའི་རིགས་ངོས་འཛིན་ཧ་ཅང་དཀའ་ཞིང་། ཡིག་འབྲུ་ཨ་དང་མ་དང་ཤ་དང་ག ད་དང་ང་སོགས་ལོ་མང་འབྱུང་བཞིས་ཁྲོད་ཞིག་སྐྱོན་ཐེབས་པས་ཤེས་དཀའ་བར་འདུག (བུ་རིགས་ཁོངས་མཁར་ཡུལ་གྱི་རྡོ་བརྐོས་དེར་བདག་དངོས་སུ་ལྟ་རུ་སོང་སྐབས་བོད་ཡིག་གི་ཡིག་གཟུགས་འགའ་རེ་ལོ་མང་འགོར་པས་རང་བྱུང་གིས་ཞིག་སྐྱོན་ཐེབས་ཏེ་མི་གསལ་བར་གྱུར་འདུག)
སྦལ་ཏི་ཧུན་ཛར་ཡོད་པའི་བོད་ཡིག་རྡོ་བརྐོས།
རྡོ་བརྐོས་ལ་ཤས་ལ་སྔར་བརྐོས་པའི་ཤུལ་དུ་ཕྱིས་ཀྱི་མིས་ཇེ་གསལ་དུ་བཏང་བའམ་ཡིག་གཟུགས་གཞན་སྒྱུར་བྱ་འདོད་པས་ཡིན་ནམ། གང་ལྟར་སྔར་ཀྱི་བརྐོས་ཤུལ་དུ་བསྐྱར་བརྐོས་བྱས་ཏེ་སྔར་གྱི་ཡིག་གཟུགས་ལ་འགྱུར་བ་བཏང་བ་དང་། སྔར་གྱི་ཡིག་གཟུགས་མི་གསལ་བར་འོབ་ཚོད་ཀྱིས་བསྐྱར་བརྐོས་བྱས་ཏེ་དག་ཆ་གཞན་དུ་སྒྱུར་བར་བྱས་པའང་ཡོད་སྲིད་དམ་སྙམ། (བདག་གིས་འབའ་ལི་མཁར་གྱི་བྲག་ངོས་ཡི་གེར་ལྟ་སྐབས་དོན་དག་དེའི་རིགས་དངོས་སུ་མཐོང་། )

ཡང་རྡོ་བརྐོས་ལ་ཤས་ཀྱི་སྟེང་དུ་ཡིག་འབྲི་གཉིས་གསུམ་རེ་ལས་མེད་པ་དང་། དེ་ཡང་གསལ་ལ་མ་གསལ་བ་ཞིག་ཡིན་སྟབས། ཞིབ་འཇུག་ཁྲོད་ཡིག་གཟུགས་གཞན་དུ་སྣང་སྟེ་བོད་ཡིག་མིན་པར་སྨྲས་པའི་གནས་ཚུལ་ཡང་བྱུང་ཡོད། (སྦལ་ཏི་ཡུལ་གྱི་ཧོང་ནག་ཟམ་ཁའི་རྡོ་བརྐོས་དང་དངུལ་འབེའི་བྲག་རྩར་ཡོད་པའི་བོད་ཡིག་རྡོ་བརྐོས་ལྟ་བུ། དངུལ་འབེ་བྲག་གི་ཡི་གེ་༢༠༠༩ ལོར་བདག་གིས་འདྲ་བཤུས་དང་པར་བླངས་ཡོད།)
འབའ་ལུ་མཁར་གྱི་བྲང་བརྐོས་བོད་ཡིག (རྩོམ་པ་པོས་པར་བླངས།)

གནའ་དཔྱད་རིག་པའི་ཁྲོད་ནས་བོད་དང་འབྲེལ་བའི་རྡོ་བརྐོས་ཡིག་རྙིང་དང་སྐུ་བརྙན་མང་པོར་ཕྱིབ་འཇུག་བྱེད་མཁན་མང་ཆེ་བ་ནུབ་གླིང་བོད་རིག་པའི་མཁས་པ་དང་རྒྱ་མི་ཆེད་མཁས་པ་འགའ་རེ་ཡིན་ཞིང་། བོད་པ་ཚོས་ཁོང་དག་གི་དཔྱད་འབྲས་གཞིར་བཞག་སྟེ་ཡིག་ཚངས་རེ་གཉིས་དང་རང་ཉིད་ཀྱི་བསམ་ཚུལ་སྦྲེལ་ཏེ་དབྱེ་ཞིབ་བྱེད་བཞིན་ཡོད་ཅིང་། དེ་ལས་རེ་འགས་ནུབ་གླིང་པའི་དཔྱད་འབྲས་གཞིར་བཞག་སྟེ་བོད་ཀྱི་ཡིག་ཚངས་ལས་བྱུང་བའི་དོན་དང་མཚུངས་བསྡུར་ཡང་གནང་ཡོད། འོན་ཀྱང་དོན་དུ་ས་གནས་ས་ཐོག་ཏུ་ཕེབས་ཏེ་རྡོ་བརྐོས་ཡིག་རྙིང་དང་བརྐོས་རིས་སྣ་ཚོགས་ལ་དངོས་སུ་ཞིབ་འཇུག་བྱ་ཐུབ་མེད་ཅིང་། རྡོ་བརྐོས་ལ་ལ་ཤིག་འདྲ་པར་ཡང་མཐོང་རྒྱུ་མེད་པར་གཞན་གྱིས་བཤུ་འབྲི་བྱས་པའི་ཡི་གེ་དག་ལ་གཞི་འཛིན་པ་ལས་ཐབས་མེད། གནད་འདི་དག་ལས་བོད་ཀྱི་གནའ་བོའི་རྡོ་བརྐོས་དང་བརྐོས་རིས་སྣ་ཚོགས་ལ་ཞིབ་འཇུག་གི་འདང་མེད་དམ་སྙམ། (དཔེར་ན་མཁར་ལ་རྩེའི་ཟ་སྣེར་ཡོད་པའི་རྡོ་བརྐོས་འགའ་རེ་ཕེ་རིང་ཀེས་བྲིས་བཤུས་བྱས་པ་དེར་གཞི་བཅོལ་བ་ལས། དེང་སང་མཇལ་རྒྱུ་མི་འདུག བདག་གིས་དངོས་སུ་ས་གནས་སུ་བསྐྱོད་དེ་བཙལ་འཚོལ་བྱས་ཀྱང་མ་རྙེད།)
ང་ཚོས་གནའ་བོའི་རྡོ་བརྐོས་ཡི་གེ་མང་པོར་དངོས་སུ་བལྟས་ཏེ་ཞིབ་འཇུག་བྱེད་ཐུབ་ཅིང་། ནུབ་གླིང་མཁས་པའི་ཞིབ་འཇུག་གམ་འབྲི་བཤུ་བྱས་པ་ལས་ཡིག་འབྲུ་རེ་གཉིས་ནོར་བ་དང་ཆད་པ་ཡང་ཡོད་ངེས་ན། ནུབ་གླིང་བོད་རིག་པའི་མཁས་པས་དཔྱད་ཞིབ་གནང་ཟིན་ལ་བསྐྱར་དུ་དབྱེ་ཞིབ་བྱ་མི་དགོས་པ་དང་། ཁོང་ཅག་ནི་ཞིབ་འཇུག་གི་བྱ་བར་གཟབ་ནན་ཆེ་བས་ཁོ་ཅག་གིས་ཞིབ་འཇུག་བྱས་པའི་གྲུབ་དོན་ན་ནོར་འཆུག་མེད་པར་བསམ་སྟེ། ཕྱིས་ཀྱི་བོད་མི་རེ་ཟུང་གིས་བསྐྱར་ཞིབ་ལ་རིན་ཐང་མི་ལྟ་བ་དང་། ནུབ་གླིང་གི་བོད་པའི་རིག་པའི་མཁས་ཆེན་ག་གེ་མོས་སྔ་མོ་ནས་དབྱེ་ཞིབ་གནང་ཟིན་པས་ད་ནི་ཁྱོད་ལ་དེའི་ཐད་ནས་གསར་པ་ཞིག་དང་བསྐྱར་བཅོས་བྱ་བའི་ནུས་པ་འདང་ངེས་མེད་དོ་སྙམ་ཏེ་ཟུར་ནས་ཚིག་གི་མདའ་མོ་འཕེན་མཁན་ཡང་ཡོད་མོད། ནུབ་གླིང་བོད་རིག་པའི་མཁས་པས་རྡོ་བརྐོས་ཡི་གེ་བཤུས་འབྲི་བྱེད་སྐབས་ཆད་པ་དང་ནོངས་པ་རེ་འགའ་ཡང་ཡོད་པ་བདག་གིས་དངོས་སུ་མཐོང་སྟེ། འབའ་ལི་མཁར་བྲག་ངོས་ཀྱི་ཡི་གེ་རྣམས་ཕེ་རིང་ཀེ་ཡིས་བཤུས་བྲིས་བྱས་པ་དང་། དེའི་རྗེས་སུ་ཁོང་གི་བཤུས་བྲིས་དེ་གཞིར་བཞག་སྟེ་རྒྱ་གར་གྱི་བོད་རིག་པའི་མཁས་པ་ (ཕིརམ་སིང་ཇི་ན་) མཆོག་གིས་ས་གནས་སུ་བསྐྱོད་ཏེ་བསྐྱར་ཞིབ་གནང་བའི་ཡིག་ཆར་ཡང་ཕེ་རིང་ཀེའི་དེ་མཚུངས་བཀོད་ནོར་ཐེབས་པ་བདག་ཀྱང་དངོས་སུ་ས་གནས་སུ་སོང་སྟེ་རྡོ་བརྐོས་ཡི་གེར་མཇལ་སྐབས་ཟུར་དུ་ཐོ་འགོད་བྱས་ཡོད། (འདིའི་སྐོར་རྗེས་སུ་འགོད་འཆར་ཡོད།)
སྦལ་ཏིའི་ཕོང་ནག་ཟམ་སྣེར་ཡོད་པའི་རྡོ་བརྐོས་བོད་ཡིག
གནའ་བོའི་བོད་ཡིག་རྡོ་བརྐོས་དང་ལག་བྲིས་ཀྱི་ཡིག་གཟུགས་ལས་ཐ་དང་པ་ཙ་ལ་ཤ་ས་སོགས་དེང་གི་ཡིག་གཟུགས་དང་ཆེ་ཆེར་མི་འདྲ་བའི་འབྲི་སྲོལ་ཡོད་ཅིང་། ཏུན་ཧོང་ཡིག་རྙིང་དང་རྡོ་བརྐོས་དག་ལས་གཟོད་ཡིག་གཟུགས་དེ་དག་མཇལ་ཐུབ་པས་ན། ང་ཚོ་ཡིག་གཟུགས་དེ་དག་དང་འཕྲད་སྐབས་གོང་འོག་གི་ཡིག་གཟུགས་གསལ་བོ་མེད་པ་འདྲ་བྱུང་སྐབས་འདི་ནི་བོད་ཡིག་མ་ཡིན་པར་ཡིག་རིགས་གཞན་ཞིག་ཡིན་ས་རེད་སྙམ་ནས་སྣང་མེད་ངང་བསྐྱུར་འཇོག་བྱེད་སྲིད་པ་དང་། གནའ་བོའི་རྡོ་བརྐོས་དང་སྐུ་བརྙན་ལྡེབས་རིས་སོགས་ཀྱི་ཐད་ནས་དཀའ་ངལ་དེ་དག་འཕྲད་ཀྱིན་ཡོད། ལ་ཤས་ཀྱིས་བོད་ཡིག་མ་ཡིན་པར་ཡིག་རིགས་གཞན་ཞིག་ཡིན་ཤག་བྱེད། དེ་ནི་ཡི་གེ་དེ་དག་གི་གསལ་བོ་མེད་པ་དང་དེ་དག་གི་ཁྲོད་དུ་བོད་ཡིག་གི་ཡིག་གཟུགས་དང་མི་འདྲ་བའི་ཡིག་གཟུགས་རེ་གཉིས་མཐོང་རྒྱུ་ཡོད་པས་ཡིན་ལ། དོན་དུ་བོད་ཡིག་ཡིན་ཅིང་ཡིག་གཟུགས་ཅུང་མི་འདྲ་བས་མ་ཤེས་པ་ལས་ཡིག་རིགས་གཞན་ཞིག་མ་ཡིན་ལ། བོད་ཡིག་གི་ཡིག་གཟུགས་བརྐོས་བྲིས་ནང་དུ་གཞན་ཡིག་རིགས་རེ་འགའ་བསྲེས་བྲིས་བྱས་ཡོད་ཀྱང་སྲིད་ཏེ། བོད་ཡིག་གི་ནང་དུ་ལེགས་སྦྱར་གྱི་སྐད་མང་པོ་བོད་སྐད་ནང་སྒྲ་ཇི་བཞིན་བྲིས་པ་མང་ཞིང་། གནའ་སྔ་མོའི་སྐབས་སུ་སྒྲ་ཁོ་ན་མ་བྲིས་པར་ལེགས་སྦྱར་གྱི་ཡིག་གཟུགས་རང་དུ་བྲིས་པ་ཡོད་སྲིད་དེ། སྔ་མོའི་ཡིག་འབྲི་བའི་ཁྲོད་སཾ་བོད་སྐད་གཉིས་ལ་བྱང་བ་མང་པོ་ཡོད་ཅིང་། ཡིག་གཟུགས་བོད་ཡིག་ཡིན་ནའང་ཞང་ཞུང་གི་ཡི་གེ་དང་བོན་གྱི་གོ་དོན་ལྡན་པའི་སྐོར་ཡང་ཡིན་སྲིད་ལ། ཞང་ཞུང་གི་ཡི་གེ་དེ་དག་ཆེད་དུ་སྦྱོང་བ་མེད་མཁན་ཚོས་ཤེས་རྟོགས་མི་ནུས་བ་ལྟ་བུའོ།། 

བོད་ཡིག་གི་ཡིག་གཟུགས་མི་འདྲ་བ་འགའི་དཔེ་རིས། 





ཡང་བོད་ཀྱི་ནུབ་ལྗོངས་སུ་བརྐོས་བྲིས་བོད་ཡིག་བྲག་རྡོར་བརྐོས་པ་རྣམས་ནི་བོད་དབུས་དང་ཧ་ཅང་རྒྱང་ཐག་རིང་པོར་ཡོད་ཅིང་། འབྲི་བའི་དུས་ཚོད་ཀྱང་ཧ་ཅང་སྔ་བ། བརྐོས་འབྲི་བྱེད་མཁན་གྱི་ཁྲོད་དུ་བོད་མི་རང་ཡིན་མིན་གཉིས་ཀ་ཡོད་སྲིད་པས་ན། བོད་ནུབ་ལྗོངས་ཁུལ་ཀྱི་རྡོ་བརྐོས་རྣམས་ནི་ཡིག་གཟུགས་ཅུང་འདྲ་མིན་ལས་བོད་ཡིག་མིན་པར་འདོད་པ་ནི་ལེགས་པར་མ་མཐོང་ངོ་། ། (གནའ་བོའི་བོད་ཡིག་གི་ཡིག་གཟུགས་སྐོར་ནས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བྲིས་པའི་ཡིག་གཟུགས་དག་དང་། འདིར་བཀོད་པའི་དཔེ་རིས་དག་ལས་ཀྱང་བློ་བསྐྱེད་འབྱུང་ངེས་སྙམ།) 
སྐར་རྡོ་མན་ཐལ་དུ་ཡོད་པའི་ཕ་བོང་ལ་བརྐོས་པའི་སངས་རྒྱས་ཀྱི་སྐུ་བརྙན་གཤམ་གྱི་བོད་ཡིག

ཏུན་ཧོང་ཡིག་རྙིང་ལས་བོད་ཡིག་གི་ཡིག་གཟུགས་ལ་ཤས་ནི་དེང་གི་བོད་ཡིག་ཡིག་གཟུགས་དང་ལོགས་ཀ་ཤིག་ཡིན་པ་ཡིག་རྙིང་མ་ཡིག་མང་པོར་མཇལ་རྒྱུ་འདུག་ཅིང་། གལ་ཏེ། ཡིག་གཟུགས་དེ་འདྲ་ཡིག་འབྲུ་འགའ་རེ་རྡོ་ལ་བརྐོས་ཏེ་ལོ་མང་འགོར་བ་ཟ་ཟུར་ནས་འབྱུང་བས་ཞིག་སྐྱོན་རེ་ཐེབས་ན་འུ་ཚོས་ཀློག་ཐུབ་བམ། ཡིག་འབྲུ་རེ་གཉིས་གསལ་ལ་མ་གསལ་བར་ཀློག་ཐུབ་ཙམ་བྱུང་ནའང་། རེ་གཉིས་མི་གསལ་བ་དང་ཀློག་མ་ཐུབ་ཚེ་བོད་ཡིག་མ་རེད་ཅེས་ཡིག་རིགས་གཞན་ཞིག་ཏུ་ཐག་བཅད་དེ་སྐྱུར་འཇོག་བྱ་རྒྱུ་ཡིན་ནམ། བོད་ཡིག་ཡིག་གཟུགས་དང་བྲམ་ཟེའམ་ཚངས་པའི་ཡིག་གཟུགས། བྲུ་ཤའི་ཡི་གེ་སོགས་ཡིག་འབྲུ་འགའ་རེ་འདྲ་བར་སོང་ཙང་བོད་ཡིག་མིན་པར་གཞན་ཡིག་ཡིན་པའི་ཐག་གཅོད་དེ་ནི་དོན་དངོས་ཁ་གསལ་མེད་ཚེ་ཐག་གཅོད་མ་གནང་ན་བཟང་སྙམ། དེ་ཡང་བོད་ཡིག་མིན་པའི་སྒྲུབ་བཤད་དུ་གཞན་ཡིག་གང་ཡིན་པ་དེའི་ཡིག་གཟུགས་འདི་ཡིན་པ་དང་བརྗོད་དོན་འདི་ཡིན་པ། བསྟན་དོན་འདི་རེད་བསམ་པ་མ་བྱུང་ཚེ་ཐེ་ཚོམ་དེ་ལྷག་སྡོད་པ་ལས་བོད་ཡིག་མིན་པའི་ངེས་ཤེས་འདྲོང་ངེས་འདང་མེད་པར་འདོད། 
བུ་རིགས་སུ་ཡོད་པའི་མངའ་བདག་འོད་ལྡེའི་སྐབས་ཀྱི་རྡོ་བརྐོས་བོད་ཡིག་ཅན། 

ཡིག་གཟུགས་འགའ་རེ་འདྲ་བ་དང་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་བོད་ཡིག་མིན་ཐག་གཅོད་ནུས་ན་ནི་རྒྱ་གར་གྱི་ཧིན་དུའི་ཡིག་གཟུགས་དང་རྒྱ་གར་ལྷོ་ཕྱོགས་རྟ་མིན་ན་ཐའི་ཡིག་གཟུགས་ཁྲོད་བོད་ཡིག་ཡིག་གཟུགས་ཅ་ཆ་ཇ་གསུམ་དང་། ཐ་པ་མ་ཡ་དང་ས་དང་ཤ་ལ་སོགས་མང་པོ་ཞིག་རྙེད་ཐུབ་ཀྱི་ཡོད་ན། གལ་ཏེ་ཁོང་ཅག་གི་བྲིས་པའི་ཡི་གེའི་ཁྲོད་ས་དང་ཆ་གཉིས་སྔ་རྗེས་སུ་རིམ་པས་(ས་ཆ་) ཞེས་པ་བྲིས་པའི་སྐབས་བྱུང་ཚེ། ཨོ་འདི་ནི་བོད་ཡིག་གི་(ས་ཆ་) ཟེར་ནས་བྲིས་གོ་ཟེར་ནུས་སམ། མ་ཡིན་ཏེ་ཡིག་གཟུགས་འདྲ་ནའང་དེ་ནི་བོད་ཡིག་མ་ཡིན་པར་ཁོང་ཅག་གི་ཡི་གེ་ཡིན་པ་དོན་གྱིས་གྲུབ། ཡིག་གཟུགས་རེ་འགའ་འདྲ་བ་དང་ཡིག་གཟུགས་དང་དོན་གཉིས་ཀ་འདྲ་བ་འཛམ་གླིང་གི་ཡིག་རིགས་དང་སྐད་བརྡའི་ཁྲོད་དུ་མང་པོ་ཡོད་པ་ཀུན་ལ་རྒྱུས་ཡོད་ཡིན་པས་དཔེ་མཚོན་གོ་སླའོ། །

དེ་བས་གོང་ཞུས་ལྟར་ཡིག་གཟུགས་རེ་གཉིས་འདྲ་མིན་ལས་ཡི་གེ་དེ་མི་རིགས་དང་རྒྱལ་ཁབ་གང་དེའི་ཡི་གེ་ཡིན་མིན་ཐག་གཅོད་དཀའ་བར་གདའ་འོ་སྙམ།


༢༠༢༠།༠༢།༡༧ ཉིན་གཅན་བཟོད་རྒྱམ་པས་སྔར་གྱི་ཟིན་ཐོར་བསྐྱར་བཅོས་ཀྱིས་བཀོད། 

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།