༄༅།། དཔལ་ལེགས་ལྡན་ནག་པོའི་གླུ་ཞེས་བྱ་བ་བཞུགས་སོ།། ༼ལེའུ་གཉིས་པ། གྲངས་ཅན་གྱི་རྣལ་འབྱོར།༽

༄༅།། དཔལ་ལེགས་ལྡན་ནག་པོའི་གླུ་ཞེས་བྱ་བ་བཞུགས་སོ།། སྒྱུར་བ་པོ། དགེ་འདུན་ཆོས་འཕེལ། ལེའུ་གཉིས་པ། གྲངས་ཅན་གྱི་རྣལ་འབྱོར། ཡང་དག་རྒྱལ་བས་སྨྲས་པ། དེ་ལྟར་བརྩེ་བས་ནོན་གྱུར་པ། །མཆི་མས་གང་ཞིང་དམར་བའི་མིག། ལྡན་པ་དེ་ལ་ཚིག་རྒྱུད་དུག།འདི་ནི་སྦྲང་རྩི་འཇོམས་པས་གསུངས།། དཔལ་བཅོམ་ལྡན་འདས་ཀྱིས་གསུངས་པ། འཕགས་པས་མི་འདོད་བྱས་མི་གཟོ།།མཐོ་རིས་མ་ཡིན་སྨད་པ་འདི། །སྲིད་སྒྲུབ་ཁྱོད་ལ་ཅི་ལྟ་བུར། །ཡ་ངའི་ཡུལ་ལ་ཡོངས་སུ་གནས།། སྡར་མ་ཉིད་དུ་མ་འགྱུར་ཅིག །སྲིད་སྒྲུབ་ཁྱེད་ལ་དེ་མི་འོས། །དམན་ཅིང་སྙིང་སྟོབས་ཞན་པ་སྤོངས།།ཕ་རོལ་གདུང་མཛད་བཞེངས་པར་མཛོད།། སྲིད་སྒྲུབ་ཀྱིས་སྨྲས་པ། ཀྭ་ཡེ་དགྲ་འཇོམས་སྦྲང་རྩི་གསོད།།འཇིགས་བྱེད་དང་ནི་བྲེ་བོ་སྟེ།།ཁོ་བོས་མཆོད་འོས་དག་ལ་ནི།།གཡུལ་དུ་མདའ་ཁ་ཅི་ལྟར་གྱེས།། ཉམས་མྱོང་ཆེ་ལྡན་བླ་མ་བཀྲོངས་པ་ལས།།འཇིག་རྟེན་འདི་ན་སློང་མོ་ཟས་ཀྱང་མཆོག།བླ་མ་བསད་དེ་ཁྲག་གིས་རབ་སྦགས་པའི།།ནོར་དང་འདོད་པ་འདི་ཙམ་ལོངས་སྤྱོད་འགྱུར།། བདག་ཅག་རྒྱལ་ལམ་འོན་ཏེ་ཕམ་གྱུར་པ།།འདི་གཉིས་གང་ཞིག་ལྕི་བ་དེ་མ་ཤེས།།མདུན་ན་གང་གནས་ཡུལ་འཁོར་སྲུང་སྐྱེས་རྣམས།།བསད་ནས་ཁོ་བོ་གསོན་པར་འདོད་མ་ལགས།། མཛའ་བའི་སྐྱོན་གྱིས་ནོན་པའི་ངང་ཚུལ་ཅན།།ཆོས་ལ་རྨོངས་པའི་ཡིད་ཀྱིས་ཁྱོད་ལ་ཞུ།།བདག་ནི་ཁྱོད་ཞབས་བརྟེན་པའི་སློབ་མ་སྟེ།།གང་ཞིག་ལེགས་པ་བདག་ལ་ངེས་པར་གསུང་།། ས་སྟེང་འདི་ན་འགྲན་མེད་འབྱོར་པ་དང་།།མཐོ་རིས་མངའ་བདག་རྒྱལ་སྲིད་ཐོབ་གྱུར་ཀྱང་།།བདག་གི་དབང་པོ་རྣམ་གདུངས་མྱ་ངན་འདི།།སེལ་བྱེད་གང་ཡང་རབ་ཏུ་མཐོང་མ་ལགས།། ཡང་དག་རྒྱལ་བས་སྨྲས་པ།།དེ་སྐད་དགའ་བའི་སྐྲ་ཅན་ལ།།དཔའ་བོ་སྲིད་སྒྲུབ་ཀྱིས་བརྗོད་དེ།།གླང་སྐྱོང་འཐབ་པར་བདག་མི་སྤྲོ།། ཞེས་པ་སྨྲས་ནས་གཅོམ་སྐྱུངས་གྱུར།།དམག་སྡེ་གཉིས་ཀྱི་དབུས་ན་ནི།།སྒྱིད་ལུག་ལྡན་པའི་སྲིད་སྒྲུབ་ལ།།རབ་ཏུ་འཛུམ་དང་བཅས་བཞིན་དུ།། ཚིག་འདི་དགའ་བའི་སྐྲ་ཡིས་གསུངས།། དཔལ་བཅོམ་ལྡན་གྱིས་གསུངས་པ། ཁྱོད་ནི་མཁས་པའི་གཏམ་སྨྲ་ཡང་།།མྱ་ངན་མེད་ལ་མྱ་ངན་བྱེད།།ཤི་གསོན་གང་གི་དོན་དུ་ཡང་།།མཁས་རྣམས་མྱ་ངན་རྗེས་མི་མཛད།། བདག་ནི་ནམ་ཡང་མེད་མ་གྱུར།།ཁྱོད་དང་རྒྱལ་བོ་འདི་རྣམས་མིན།།དེས་ན་ཕྱིས་ཀྱང་བདག་ཅག་ཀུན།།མེད་པར་འགྱུར་བ་མ་ཡིན་ནོ།། བྱིས་པ་དར་མ་རྒས་པ་རྣམས།།ལུས་འདི་ཉིད་ལ་འཐོབ་པ་བཞིན།།ལུས་ཅན་རྣམས་ཀྱིས་ལུས་གཞན་ལེན།།དེ་ལ་མཁས་རྣམས་རྨོངས་པ་ཡིན།། དེ་ཙམ་རྣམས་དང་རེག་པ་ན།།ཚ་གྲང་དང་ནི་བདེ་སྡུག་འབྱིན།།གློ་བུར་བྱུང་ནས་ཡལ་འགྱུར་བ།།མི་རྟག་དེ་རྣམས་བཟོད་པར་གྱིས།། སྐྱེས་བུའི་ཁྱུ་མཆོག་འདི་རྣམས་ཀྱིས།།འཁྲུག་པ་མེད་པའི་སྐྱེས་བུ་གང་།།བདེ་སྡུག་མཉམ་པའི་བརྟན་པ་ཅན།།དེ་ནི་བདུད་རྩིའི་སླད་དུ་འོས།། མེད་པ་འབྱུང་བར་མི་འགྱུར་བའི།།བྱུང་བར་གྱུར་པ་མེད་མི་འགྱུར།།མཐར་ཐུག་དེ་ཉིད་རིག་པ་རྣམས།།འདི་དག་གཉིས་ཀྱང་གཟིགས་པ་ཡིན།། གང་གི་ཐམས་ཅད་ཁྱབ་བྱེད་པ། །དེ་ནི་འཇིག་པ་མེད་པར་ཤེས།།འཛད་མེད་འདི་ནི་སུ་ཡིས་ཀྱང་། །འཇོམས་པར་བྱེད་པ་རིགས་མ་ཡིན།། མི་འཇིག་གཞལ་དུ་མ་མཆིས་པའི།།རྟག་པའི་ལུས་ཅན་དེ་ཡི་ལུས།།འདི་ནི་མཐའ་དང་ལྡན་པར་བརྗོད།།དེས་ན་སྲིད་སྒྲུབ་གཡུལ་ལ་ཞུགས།། གང་གིས་འདི་ནི་གསོད་པོར་རིག།གང་གིས་འདི་ནི་གསོད་པར་སེམས།།དེ་གཉིས་རྣམ་པར་མི་ཤེས་ཏེ།།འདི་ནི་མི་གསོད་བསད་པ་མིན།། འདི་ནི་ནམ་ཡང་སྐྱེས་སམ་འཆི་བ་མེད།།སྔོན་ཆད་མ་བྱུང་ཕྱིན་ཆད་འབྱུང་མི་འགྱུར།།སྐྱེ་མེད་རྟག་པ་གཡུང་དྲུང་གདོད་མ་འདི།།ལུས་ལ་བསད་ཚེ་གསོད་པ་མ་ཡིན་ནོ།། འོན་ཏེ་མ་སྐྱེས་མི་འཛད་ཅིང་།།འཇིག་པ་མེད་པའི་རྟག་པ་འདི།།གང་གིས་ཤེས་པའི་སྐྱེས་བུ་དེས།།སུ་ཞིག་སྦད་ཅིང་སུ་ཞིག་གསོད།། ཇི་ལྟར་མི་རྣམས་གོས་ནི་རྙིང་པ་དག།བོར་ནས་གསར་པ་རྣམས་ནི་གྱོན་བྱེད་པ།།དེ་བཞིན་རྒས་པའི་ལུས་དག་བོར་བྱས་ནས།།ལུས་ཅན་རྣམས་ཀྱིས་གསར་པ་གཞན་དག་ལེན།། འདི་ནི་མཚོན་གྱིས་མི་ཆོད་ཅིང་།།འདི་ནི་མེ་ཡིས་མི་ཚིག་སྟེ།།འདི་ནི་ཆུ་ཡིས་མི་འདྲུལ་ཅིང་།།རླུང་གིས་ཀྱང་ནི་སྐེམ་མ་ཡིན།། ཚིགས་བཅད་འདི་ཡང་བསྟོད་འགྲེལ་དུ་དྲངས། འདི་ནི་མི་ཆོད་མི་ཚིག་ཅིང་།།འདི་ནི་མི་འདྲུལ་མི་སྐེམ་ཉིད།།རྟག་བརྟན་གཡོ་མེད་ཀུན་ལ་ཁྱབ།།འདི་ནི་རྒྱུན་ཆད་མེད་པ་ཡིན།། འདི་ནི་མི་མངོན་བསམ་ལས་འདས།།འདི་ནི་འགྱུར་བ་མེད་པར་བརྗོད།།དེ་ལྟར་རིག་ནས་དེ་ཡི་ཕྱིར།ཁྱེད་ནི་མྱ་ངན་བྱ་མི་རིགས།། འོན་ཏེ་རྟག་ཏུ་སྐྱེས་པ་འམ།།འདི་ནི་རྒྱུན་དུ་འཆི་སྙམ་པ།།ཁྱོད་ཀྱིས་དེ་ལྟར་སེམས་ན་ཡང་།།འདི་ལ་མྱ་ངན་བྱ་མི་རིགས།། སྐྱེས་པ་ངེས་པར་འཆི་འགྱུར་ཞིང་།།ཤི་བ་ངེས་པར་སྐྱེས་པར་འགྱུར།།སྤང་དུ་མེད་པའི་དོན་འདི་ལ། །ཅིའི་ཕྱིར་ཁྱོད་ནི་མྱ་ངན་བྱེད།། འབྱུང་བོའི་ཐོག་མ་མི་མངོན་ཅིང་།།མཐའ་མ་ཡང་ནི་མངོན་མ་ཡིན།།བར་དུ་མངོན་པར་གསལ་ཙམ་ཏེ།།སྲིད་སྒྲུབ་དེ་ལ་མྱ་ངན་ཅི།། ལ་ལ་ངོ་མཚར་ལྡན་པ་འདི་མཐོང་ཞིང་།།དེ་བཞིན་གཞན་ནི་ངོ་མཚར་ཅན་འདི་སྨྲ།།གཞན་ནི་ངོ་མཚར་ཅན་འདི་ཐོས་གྱུར་ཏེ།།ལ་ལ་འདི་ནི་ཐོས་ཀྱང་ཤེས་མི་འགྱུར།། ཀུན་གྱི་ལུས་ལ་ལུས་ཅན་འདི།།ནམ་ཡང་བསད་དུ་ཡོད་མ་ཡིན།།དེའི་ཕྱིར་འབྱུང་བོ་ཀུན་སླད་དུ།།སྲིད་སྒྲུབ་ཁྱོད་ནི་གདུང་མི་འཚལ།། རང་གི་ཆོས་ལ་བལྟས་ནས་ཀྱང་། །འདར་བར་བྱེད་པ་རིགས་མིན་ཏེ།།གཡུལ་གྱི་ཆོས་ལས་ལྷག་པ་ནི། །རྒྱལ་རིགས་རྣམས་ལ་ཡོད་མ་ཡིན།། མ་བཅད་མཐོ་རིས་སྒོ་མོ་ལ།།སྟེས་དབང་གིས་ནི་འོང་གྱུར་པ།།འདི་འདྲ་བ་ཡི་གཡུལ་རྙེད་པའི། །རྒྱལ་རིགས་དེ་དག་བདེ་བ་ཡིན།། གལ་ཏེ་དེ་ལྟ་ན་ཡང་ཁྱོད།།གཡུལ་གྱི་ཆོས་འདི་མི་བྱེད་ན།།རང་གི་ཆོས་དང་སྙན་པ་དག །འཇོམས་པའི་སྡིག་པ་དེའི་ཕྱིར་བགྱིད།། ཁྱོད་ལ་སྐྱེ་བོ་ཀུན་གྱིས་ཀྱང་།།མི་ཟད་གཏམ་ངན་སྨྲ་བར་འགྱུར།།ཡ་རབས་རྣམས་ལ་གཏམ་ངན་ནི། །འཆི་བ་ལས་ཀྱང་ལྷག་པ་ཉིད།། དམག་དཔོན་ཆེན་པོ་རྣམས་ཀྱིས་ཁྱོད།།འཇིགས་ཏེ་གཡུལ་ལས་བྱོལ་བར་སེམས།།གང་གིས་ཁྱོད་ལ་ཚན་པོ་ཆེར།།བསམས་ནས་ཡང་བར་རྟོགས་ པར་འགྱུར།། ཁྱོད་ལ་ཁྱོད་ཀྱི་དགྲ་བོ་རྣམས།།བསྔགས་པ་མ་ཡིན་མང་བརྗོད་འགྱུར།།ཁྱོད་ཀྱི་མཐུ་ལ་དམའ་ཕབ་པ།།དེ་ལས་ལྷག་པའི་སྡུག་བསྔལ་གང་།། བསད་ནས་མཐོ་རིས་འཐོབ་པ་འམ།།ཡང་ན་གསོན་ཏེ་ས་ཆེན་སྤྱོད།།དེའི་ཕྱིར་གཡུལ་ལ་ངེས་པར་གྱིས།།བཞེངས་པར་མཛོད་ཅིག་ཀུན་ཏའི་བུ།། བདེ་སྡུག་རྙེད་དང་མ་རྙེད་དང་།།རྒྱལ་དང་མ་རྒྱལ་སྙོམ་མཛོད་ལ།།དེ་ནས་གཡུལ་ལ་སྦྱོར་བར་གྱིས། །འདི་འདྲ་སྡིག་པར་འགྱུར་མ་ཡིན།། གྲངས་ཅན་ཚུལ་དུ་བཤད་ཟིན་པའི།།བློ་དེ་རྣལ་འབྱོར་ཚུལ་དུ་ཉོན།།སྲིད་སྒྲུབ་བློ་དེ་ལྡན་ན་ཁྱེད།།ལས་ཀྱི་འཆིང་བ་གཅོད་པར་ནུས།། འདི་ལ་འབད་པ་ཆུད་པའི་མཛའ།།ཕྱིན་ཅི་ལོག་ཀྱང་འབྱུང་མ་ཡིན།།ཆོས་འདིའི་ཆ་ཤས་ཕྲ་མོས་ཀྱང་།།འཇིགས་པ་ཆེན་པོ་སྐྱོབ་པར་བྱེད།། སྲིད་སྒྲུབ་གཏན་ལ་ཕབ་བྱས་པའི།།རྟོགས་པ་གཅིག་ནི་འདིར་ན་སྟེ།།གཏན་ལ་མ་ཕེབས་རྟོགས་པ་ལ།།ཡན་ལག་མང་ཞིང་མཐའ་མ་མཆིས།། ལས་འབྲས་སྐྱེ་བ་རབ་སྦྱིན་ཅིང་། །འབྱོར་བའི་དབང་ཕྱུག་འཐོབ་བྱེད་པའི།།ཆོ་གའི་ཁྱད་པར་མང་བོ་ཅན།།ཚིག་གི་མེ་ཏོག་གང་ཡིན་པའི།། རིག་བྱེད་སྨྲ་བ་ལ་དགའ་ཞིང་།།གཞན་ནི་མེད་ཅེས་སྒྲོག་བྱེད་པ།།འདོད་བདག་མཐོ་རིས་ལྷུར་ལེན་པའི།།མི་མཁས་རྣམས་ཀྱིས་རབ་ཏུ་བརྗོད།། དེ་ཡིས་ཡིད་རབ་འཕྲོག་གྱུར་པའི།།དབང་དང་འབྱོར་ལ་ཆགས་པ་རྣམས།།གཏན་ལ་ཕབ་པའི་བདག་ཉིད་དང་།།ཏིང་འཛིན་བློ་ནི་སྒྲུབ་མི་བྱེད།། གཉིས་མེད་རྟག་པ་གཤིས་ཀྱི་གནས།།སྦྱོར་བའི་གཞི་མེད་བདག་ཉིད་ཅན།།སྲིད་སྒྲུབ་ཡོན་ཏན་གསུམ་དང་བྲལ།།ཡོན་ཏན་གསུམ་ནི་རིག་བྱེད་ཡུལ།། ཐམས་ཅད་ཀུན་ན་ཀླུང་འབབ་པར།།ཁྲོན་པ་ཅི་ཙམ་དོན་ཡོད་ན།།དེ་ཙམ་ཤེས་ལྡན་བྲམ་ཟེ་ལ།།རིག་བྱེད་ཡུན་ནི་དོན་ཡོད་འགྱུར།། ཁྱོད་ནི་བྱ་བ་ཙམ་ལ་དབང་།།འབྲས་བུ་ལ་ནི་ནམ་ཡང་མིན།།ལས་ཀྱི་འབྲས་བུའི་རྒྱུ་མ་བྱེད།།ལས་མེད་ལ་ནི་མ་ཞེན་ཅིག། སྲིད་སྒྲུབ་རྣལ་འབྱོར་བརྟན་བྱས་ཏེ།།ཞེན་པ་སྤོང་ལ་ལས་མཛོད་ཅིག།གྲུབ་དང་མ་གྲུབ་མཉམ་པ་ཡི།།མཉམ་ཉིད་རྣལ་འབྱོར་བྱ་བར་བརྗོད།། སྲིད་སྒྲུབ་བློ་ཡི་རྣལ་འབྱོར་ལས། །ལས་ནི་རིང་དུ་དམན་པ་ཉིད།།བློ་ལ་སྐྱབས་སུ་འཚོལ་བར་གྱིས། །འབྲས་བུ་འཚོལ་རྣམས་སྙིང་རྗེའི་ཡུལ།། བློ་དང་ལྡན་ན་ཚེ་འདི་ལ།།ལེགས་ཉེས་གང་བྱས་གཉིས་ཀ་སྤོང་།།དེ་སླད་རྣལ་འབྱོར་ཉམས་སུ་ལོངས།།ལས་ཀྱི་ནང་ན་རྣལ་འབྱོར་དགེ། བློ་དང་ལྡན་པའི་མཁས་པ་ཡིས། །ལས་ལས་སྐྱེས་པའི་འབྲས་སྤངས་ཏེ།།སྐྱེ་བའི་འཆིང་བ་རྣམ་གྲོལ་ནས།།ནད་དང་བྲལ་བའི་གནས་སུ་གཤེགས།། ནམ་ཞིག་རྨོངས་པ་འཐིབ་པོ་ལས།།བློ་ནི་རིང་དུ་བརྒལ་བའི་ཚེ།།ཐོས་དང་ཐོས་པར་བྱ་བ་ལ།ཁྱོད་ནི་ཡི་ཆད་སྐྱེ་བར་འགྱུར།། ནམ་ཞིག་ཐོས་པས་གཡེང་བའི་བློ།།རྒྱུ་བ་མེད་པར་བརྟན་གྱུར་ཏེ།།མཉམ་པར་བཞག་པ་མི་གཡོ་ན། །དེ་དུས་ཁྱོད་ཀྱིས་རྣལ་འབྱོར་ཐོབ།། སྲིད་སྒྲུབ་ཀྱིས་སྨྲས་པ། ནག་པོ་ཤེས་རབ་བརྟན་པ་དང་། །ཏིང་འཛིན་བརྟན་པའི་བཤད་པ་གང་།།བློ་བརྟན་རྣམས་ནི་ཇི་ལྟར་སྨྲ།།ཇི་ལྟར་སྡོད་ཅིང་ཇི་ལྟར་འགྲོ།། དཔལ་བཅོམ་ལྡན་འདས་ཀྱིས་གསུངས་པ། སྲིད་སྒྲུབ་གང་ཚེ་ཡིད་འགྲོ་བའི། །འདོད་པ་ཐམས་ཅད་སྤངས་གྱུར་ཏེ།།བདག་གིས་བདག་ཉིད་ཚིམ་བྱེད་པ།།དེའི་ཚེ་ཤེས་རབ་བརྟན་པར་བརྗོད།། སྡུག་བསྔལ་ལ་ནི་ཡིད་མི་འཁྲུགས།།བདེ་བ་ལ་ཡང་ཞེན་པ་མེད།།ཆགས་སྡང་འཇིགས་པ་ཀུན་སྤངས་པ།།ཐུབ་པ་བརྟན་པ་བྱ་བར་བརྗོད།། དགེ་དང་མི་དགེ་དེ་ཐོབ་པས།།མངོན་དགའ་མི་བྱེད་ཁྲོ་མི་བྱེད།།ཀུན་ལ་མངོན་པར་མི་ཞེན་པ།།གང་དེའི་ཤེས་རབ་རབ་ཏུ་བརྟན།། གང་ཚེ་རུས་སྦལ་ཡན་ལག་བཞིན།།འདི་ཡི་དབང་རྣམས་དབང་དོན་ལས།།རྣམ་པ་ཀུན་ཏུ་འདུས་གྱུར་པ།།དེ་ཡི་ཤེས་རབ་རབ་ཏུ་བརྟན།། གཟན་པ་སྤངས་པའི་ལུས་ཅན་ལ།།ཡུལ་ནི་ལོག་ཀྱང་ཞེན་པ་ལུས།།འདི་ཡི་མཆོག་ནི་མཐོང་གྱུར་ནས།།ཞེན་པའི་རོ་ཡང་ལོག་པར་འགྱུར།། སྲིད་སྒྲུབ་སྐྱེས་བུ་སྡོམ་པ་ཅན།།མཁས་པའི་བློ་དང་ལྡན་པ་ཡང་།།མི་བསྲུན་དབང་བོའི་ཚོགས་རྣམས་ཀྱིས།།ཡིད་ནི་ཤུགས་ཀྱིས་འཕྲོག་པར་བྱེད།། དེ་རྣམས་ཐམས་ཅད་ལེགས་བསྡམས་ནས།།སྦྱོར་ལྡན་ང་ལ་ལྷུར་ལེན་གནས།།གང་གི་དབང་བོ་དབང་བྱས་པ།།དེ་ཡི་ཤེས་རབ་རབ་ཏུ་བརྟན།། སྐྱེས་བུས་ཡུལ་ལ་སེམས་པ་ན།།དེ་ལ་ཞེན་པ་སྐྱེ་བར་འགྱུར།།ཞེན་ལས་འདོད་པ་ཡང་དག་སྐྱེས།།འདོད་ལས་ཁྲོ་བ་མངོན་པར་སྐྱེས།། ཁྲོ་བ་ལས་ནི་ཀུན་རྨོངས་འབྱུང་། །ཀུན་ཏུ་རྨོངས་ལས་དྲན་པ་འཁྲུལ།།དྲན་པ་འཁྲུལ་བས་བློ་ཉམས་ཤིང་།།བློ་ཉམས་པ་ལས་འཆི་བར་འགྱུར།། ངང་བརྟན་བདག་ཉིད་དབང་གྱུར་ཏེ།།ཆགས་སྡང་བྲལ་བའི་དབང་པོ་ཡིས།།ཡུལ་རྣམས་ལ་ནི་སྤྱོད་བྱེད་པ།།རབ་ཏུ་དྭངས་ལ་ལྷག་པར་འགྲོ།། འདི་ཡི་རབ་ཏུ་དྭངས་པ་ལ།།སྡུག་བསྔལ་ཐམས་ཅད་འཇོམས་འགྱུར་ཏེ།།དྭངས་པའི་སེམས་དང་ལྡན་པ་ཡིས།།མྱུར་དུ་བློ་ནི་ཡོངས་བརྟན་འགྱུར།། སྦྱོར་བ་མེད་ལ་བློ་གྲོས་མེད།།སྦྱོར་བ་མེད་ལ་བསྒོམ་པ་མེད།།བསྒོམ་པ་མེད་ལ་ཞི་བ་མེད།།ཞི་བ་མེད་དེ་ཇི་ལྟར་བདེ།། གང་ཞིག་ཡིད་ཀྱི་དབང་བོ་རྣམས།།གཡེང་བའི་ཕྱི་བཞིན་འབྲང་བྱེད་པ།།ཆུ་ནང་གྲུ་ལ་རླུང་གིས་བཞིན།།དེ་ཡི་ཤེས་རབ་འཕྲོག་པར་བྱེད།། དཔའ་བོ་ཆེན་པོ་དེ་ཡི་ཕྱིར།།འདི་ཡི་དབང་རྣམས་དབང་དོན་ལས།།ཐམས་ཅད་དུ་ནི་ངེས་འཛིན་པ།།དེ་ཡི་ཤེས་རབ་རབ་ཏུ་བརྟན།། སྐྱེ་བོ་ཀུན་གྱི་མཚན་མོ་མང་།།ཡང་དག་སྡོམ་ལྡན་དེ་རུ་སད།།གང་དུ་སྐྱེས་བོ་སད་པ་དེ།།ཐུབ་པས་དེ་ནི་མཚན་མོར་གཟིགས།། ཇི་ལྟར་གཡོ་མེད་རབ་བརྟན་གང་བའི་མཚོར།།ཆུ་རྣམས་རབ་ཏུ་འཇུག་པ་དེ་བཞིན་དུ།།གང་ལ་འདོད་པ་ཐམས་ཅད་ཞུགས་པ་དེས། །ཞི་བ་སྙེད་ཀྱི་འདོད་པ་འདོད་པས་མིན།། སྐྱེས་བུ་གང་ཞིག་འདོད་པ་ཀུན། །བོར་ནས་ཞེན་པ་མེད་པར་རྒྱུ།།བདག་ཏུ་མི་བྱེད་བདག་གིར་མིན། །དེ་ནི་མཆོག་ཏུ་ཞི་བར་འགྲོ།། འདི་ནི་ཚངས་པའི་གནས་པ་སྟེ།།སྲིད་སྒྲུབ་འདི་ཐོབ་རྨོངས་མི་འགྱུར།།དུས་ཀྱི་མཐར་ཡང་འདིར་གནས་ན།།ཚངས་པའི་མྱ་ངན་འདས་པ་འཐོབ།། ཅེས་པ་གྲངས་ཅན་གྱི་རྣལ་འབྱོར་ཅེས་བྱ་བ་སྟེ། ལེའུ་གཉིས་པའོ།། །།

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག