དང་ར་གཡུ་མཚོའི་མིང་གི་གོ་དོན་ཅི་ཡིན་ནམ།





དེ་རིང་བརྡ་རྙིང་མང་པོར་མཇལ་བ་ཡིན།
བརྡ་དོན་མང་པོ་ཞིག་ནི་ཚ་གདུང་སེལ་བའི་སྐོར་ཆུ་རུ་གྱུར།
དེ་དག་ལས་འགའ་རེ་དྲ་ངོས་སུ་བཀོད་ཡོད། 

འདིར་བརྡ་རྙིང་གཅིག་ལ་ཆེད་དུ་བགྲོ་གླེང་ཞུ་འདོད། དེ་ནི་༼དང་ར་༽ཞེས་པ་དེ་ཡིན། (འདི་ལ་དྭངས་ར་ཞེས་ད་ཝ་ཟུར་དང་ཡང་འཇུག་ཅན་འབྲི་བའང་རེ་འག་མཇལ་མྱོང་།)
ངས་༼དང་ར་༽ཞེས་པའི་མིང་འདི་མཐོང་མ་ཐག་སེམས་སུ་༼དང་ར་གཡུ་མཚོ་༽ དྲན་བྱུང་། ༼དང་ར་གཡུ་མཚོ་༽ ནི་བོད་ཀྱི་མཚོ་ཆ་ཆུང་རྣམས་ལས་ཆེས་སྔ་ཤོས་དེ་ཡིན་ཟེར་མཁན་ཡོད། གང་ལྟར་བོད་ཀྱི་མཚོ་ཆ་ཆེ་ཆུང་རྣམས་བས་གཏིང་ཟབ་ཤོས་དེ་ཡིན་པ་རེད། མཚོ་སྤྱིའི་གཏིང་ཟབ་ཚད་ནི་སྨི་༢༡༠ དང་། མཚོའི་ཆགས་དབྱིབས་ནི་བྱང་ཤར་ནས་ལྷ་ནུ་ཕྱོགས་སུ་བརྐྱངས་འདུག་པ་དང་། ལྷོ་བྱང་བར་དུ་རིང་ཚད་ལ་སྟོང་སྨིས་༨༠ ལྷག་ཡོད། དབྱེ་ཞིབ་པ་འགའ་རེས་བརྗོད་གསལ་ལ་དང་ར་གཡུ་མཚོ་འདི་མི་ལོ་ས་ཡ་གསུམ་གྱི་སྔོན་ནས་བོད་ཀྱི་ས་མཐོར་ས་བརྡིབས་བྱུང་ཤུལ་དུ་ཆགས་པར་བཤད། མཚོའི་མཐའ་སྐོར་དུ་སྤང་གཞུང་སྔོན་མོས་བརྒྱན་ཅིང་དེང་གི་ས་དབྱེས་ནག་ཆུ་ས་ཁུལ་ཉི་མ་རྫོང་ཁོངས་སུ་གཏོགས།
 
༼དང་ར། ༽ ཐ་སྙད་འདི་བོད་ཀྱི་བརྡ་རྙིང་པར་ར་བའམ་ར་སྐོར་གྱི་དོན་ཡིན་ལ།
གཡུ་མཚོ། གཡུ་མཚོ་ནི་མཚོ་གང་དེའི་མདོག་གཡུ་ལྟར་སྔོ་སེང་ངེ་བར་ཡོད་པས་གཡུ་མཚོ་ཟེར་བ་ཡིན། བོད་དུ་གཡུ་མཚོ་མིང་ཅན་གྱི་མཚོ་མང་པོ་ཡོད། དཔེར་ན། ཡར་འབྲོག་གཡུ་མཚོ། དང་ར་གཡུ་མཚོ། མ་ཕམ་གཡུ་མཚོ་ལྟ་བུའོ།།
༼དང་ར་གཡུ་མཚོ། ༽ ད་ནི་བརྗོད་འདོད་པ་སྟེ་དང་ར་གཡུ་མཚོའི་སྐོར་ཡིན། མཚོ་འདི་བོན་གྱི་གཞུང་ལྟར་ན་བོན་ལ་བླ་མཚོ་གསུམ་ཡོད་པའི་ནང་གི་གཅིག་ཡིན་ཟེར།༼བོན་གྱི་བླ་མཚོ་གསུམ་གང་ཡིན་མ་ངེས།༽
མཚོ་འདི་ལ་ཅིའི་ཕྱིར་དང་ར་གཡུ་མཚོ་ཟེར་བ་ཡིན་ནམ། གོང་གི་བརྡ་རྙིང་དེའི་གོ་དོན་ལ་བསམ་ན་༼དང་ར་གཡུ་མཚོ་༽ ཞེས་པའི་སྔོན་དུ་དང་ར་ཟེར་དགོས་དོན་ཡང་གསལ་བོ་ཡིན་ཏེ། ༼དང་ར་༽ནི་༼ར་བ་༽འམ་༼ར་སྐོར་༽གྱི་དོན་ཡིན་པས། ༼གཡུ་ཡི་ར་བ་༽འམ་གཡུ་མདོག་གིས་ར་བས་བསྐོར་བས་ཆ་ནས་མཚོ་འདི་ལ་དང་ར་གཡུ་མཚོ་སྟེ། ༼གཡུ་མདོག་གི་ར་བ་༽འམ་༼དང་ར་༽ཡིས་བསྐོར་ཡོད་པའི་ཆ་ནས་མཚོ་འདི་ལ་༼དང་ར་གཡུ་མཚོ་༽ཟེར་བ་མིན་ནམ།


དེས་ན། ༼དང་ར་གཡུ་མཚོ་༽ནི་༼གཡུ་མདོག་གིས་ར་བས་བརྒྱན་པ་༽འམ་༼གཡུ་མདོག་གི་ར་བས་བསྐོར་བ་༽སྟེ།༽ ༼དང་ར་གཡུ་མཚོ་༽ ཞེས་བྱ་བ་ཡིན་སྙམ་མོ།།

ཞེས་པ་འདི་ནི་གཅན བཟོད་རྒྱམ་པས་ཡེ་ལོ་༢༠༡༨།༡༡།༢༡། ཉི་མ་གདུགསཚོད་ལ་བབས་པའི་དུས་ཡུལ་གསལ་ལྡན་གྲོང་མཐིལ་ནས་ཤར་མར་བྲིས།

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག