དང་ར་གཡུ་མཚོ་དང་འབྲེལ་བའི་ཟུར་རྒྱན།




དེ་རིང་ཕྱོགས་པར་“དང་ར་གཡུ་མཚོ་”དང་འབྲེལ་བའི་ཟིན་ཐོ་ཐུང་ངུ་ཞིག་བྲིས་ཏེ་དྲ་ངོས་སུ་བཞག
དཔྱོད་ལྡན་འགས་དགོངས་ཚུལ་གསུངས་ཏེ་བགྲོ་གླེང་གང་འཚམ་བྱུང་བར་དགའ་སྤྲོ་ཆེ། རྒྱུ་མཚན་ནི་ཁོང་ཅག་ཀྱང་བོད་ཀྱི་རིག་གཞུང་ལ་ཤ་ཚ་དང་ཐུགས་སྣང་ལྡན་པ་ཙམ་མ་ཡིན་པས་ཤེས་རྟོགས་ཟབ་པ་དག་རེད་སྙམ།

དེ་མཚུངས་ཁོང་ཅག་ལས་འགའ་རེས་དང་ར་ཞེས་པའི་གོ་དོན་འགྲེལ་ཚུལ་ལ་དགོངས་ཚུལ་གསུངས་པ་དང་། ཡང་འགའ་རེས་དང་ར་ཞེས་པའི་དག་ཆའི་ཏད་ནས་དགོངས་ཚུལ་གསུངས་འདུག ཚང་མར་ཡི་རངས་ཞུ།

བདག་གིས་ཉིན་འདི་འགར་བོད་ཀྱི་བརྡ་རྙིང་ཡིག་ཆ་འགར་མཇལ་བཞིན་ཡོད་ཅིང་། ཟིན་ཐོ་འདི་འབྲི་སྐབས་ཀྱང་བོད་ཀྱི་བརྡ་རྙིང་མཇལ་བའི་སྐབས་དང་འཁེལ་ཡོད་པས་ཏན་ཏན་དཔེ་ཁུངས་ལ་གཞི་བཅོལ་བ་ལས་ཚོད་ཚོད་དུ་བྲིས་མེད། དེ་ཡང་རྒྱུ་མཚན་ནི་ཟིན་ཐོ་འདི་འབྲི་འདོད་ཀྱི་ཀུན་སློང་ཅི་ལྟར་བྱུང་བ་སོགས་ཟིན་ཐོ་དེའི་འགོ་འཛུགས་སྐབས་བྲིས་ཡོད་པ་དེ་ལྟར་ཡིན།

དེ་རིང་བརྡ་རྙིང་མང་པོར་མཇལ་བ་ཡིན། 
བརྡ་དོན་མང་པོ་ཞིག་ནི་ཚ་གདུང་སེལ་བའི་སྐོར་ཆུ་རུ་གྱུར། 
དེ་དག་ལས་འགའ་རེ་དྲ་ངོས་སུ་བཀོད་ཡོད། འདིར་བརྡ་རྙིང་གཅིག་ལ་ཆེད་དུ་བགྲོ་གླེང་ཞུ་འདོད། དེ་ནི་དང་ར་ཞེས་པ་དེ་ཡིན། ” ཅེས་གསལ་བོར་བྲིས། དེ་ཡང་ཁ་སང་ཕྱི་དྲོ་བོད་ཀྱི་ནང་བསྟན་རིག་མཛོད་དམ་TBRC ནང་ཕབས་ལེན་བྱས་པའི་བོད་དཔེ་སྣ་རིང་ཤིང་སྤར་མ་དབྱངས་ཅན་གློས་མཛད་པའི་ (འདུལ་བའི་གླིང་འབུམ་ཆེན་མོ་ལས་བྱུང་བའི་མིང་བརྡ་གོ་དཀའ་བ་རྣམས་བཤད་པ་བླ་ལྡན་དགའ་སྐྱེད་ཅེས་བྱ་བ་བཞུགས་སོ། ། ) ཞེས་པ་དཔེ་རིང་དེའི་ཤོག་ངོས་བོད་ཨང་ཉེར་གཅིག ཉིན་དང་P.181 ལས། 
“དང་ར་ནི་ར་སྐོར་” གསལ་བ་དང་། དཔེ་དེའི་ཤོག་ངོས་ཉེར་དྲུག་སྲིབ་ P.192 ལས། “དང་ར་ནི་ར་བ། ” ཞེས་བྲིས་ལ་མཇལ་མ་ཐག་སེམས་སུ་དང་ར་གཡུ་མཚོ་ཞེས་པ་དེ་དྲན་བྱུང་། རྒྱུ་མཚན་ནི་“དང་ར་གཡུ་མཚོ་” ཞེས་པ་འདི་ཏུན་ཧོང་ཡིག་རྙིང་ལས་ཁྱུང་པོ་སྤུང་སད་ཀྱི་མགུར་ཚིག་ལས་འབྱུང་བའི་ “དང་ཀོ་ནི་མཚོ་ལ་བྱེར། ” ཞེས་པ་དེ་དང་དོན་གཅིག་མིན་ནམ་སྙམ་ནས་ཡུན་རིང་འགོར་བས་ཡིན། 

དེ་བས་ཟིན་ཐོ་ཐུང་དེ་བྲིས་ཏེ་དྲ་ངོས་སུ་སྤེལ་བར་གྲོགས་པོ་མང་པོས་འབྱུང་བའི་“དང་ར་” ནི་བོན་གྱི་གཞུང་ནས་“རྒྱ་མཚོ་” དང་“མཚོ་”ལ་འགྲེལ་འདུག་པ་དང་། དག་ཆ་ཡང་“དྭང་ར་”ཞེས་པ་ལས་“དང་ར་”མིན་ཚུལ་གསུངས། ད་རུང་འགའ་རེས་དཔེ་ཁུངས་མེད་པར་འོབ་ཚོད་མི་ལས་ཆེ་སོགས་གསུངས་འདུག་པས་ངས་རང་གི་དཔེ་ཀློག་གང་ལ་གཞི་བཅོལ་ཏེ་“དང་ར་གཡུ་མཚོའི་”བརྡ་དོན་བཀྲལ་ཚུལ་བསྐྱར་དུ་ཁ་གསལ་དུ་གཏོང་གི་ཡིན། 
སྤྱིར་“དང་ར་གཡུ་མཚོ་” དང་“དང་ར་”ཡི་བརྡ་ཏན་ཏན་ཅིག་གང་ཡིན་བདག་ལ་མ་ངེས་ན་ཡང་། ཡིག་ཆ་འགར་གཞི་བཅོལ་ཏེ་བྲིས་པ་ཡིན། 
ད་ནི་བདག་གིས་གཞི་བཅོལ་སའི་ཡིག་ཆ་དག་ལས་“དང་ར་” ཟེས་པའི་བརྡ་དོན་འགྲེལ་ཚུལ་ཅུང་ཙམ་བྲི་བར་བྱ། 

༡༽ དེ་ཡང་མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་(བརྡ་དཀྲོལ་གསེར་གྱི་མེ་ལོང་) ཤོག་ངོས་༣༡༧ ལས། “ དང་ར། ར་སྐོར་རམ་བླ་གབ་མེད་པའི་ར་བའི་མིང་སྟེ། (འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་) ལས། དང་ར་ནི་ར་སྐོར། ཞེས་དང་། (དག་ཡིག་ཤེས་བྱ་རབ་གསལ་) ལས། དང་ར་བླ་གབ་མེད་པའི་ར་བའོ། །ཞེས་གསུངས། དཔེར་ན། (འདུལ་བའི་གླིང་འབུམ་) ལས། དེ་དག་ཚོན་བྱེད་ཀྱི་ལས་བྱེད་པ་ན་དང་ར་རུ་རྩྭ་བཀྲམ་གོས་བསྐམས་ནས་མ་དོར་བས་སྲིལ་བྱུང་ནས། ཞེས་པ་ལྟ་བུའོ། ། ”  ཞེས་པ་འདི་ནི་དཔེ་ཁུངས་དང་པོ་དེ་ཡིན་ཅིང་། མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་“དང་ར་” ཞེས་པ་འདི་“ར་སྐོར་” ཡིན་ཞེས་པའི་དོན་ལ་འཇུག་པར་འགྲེལ་བར་དཔེ་ཁུངས་གསུམ་དྲངས་ནས་བསྒྲུབས་འདུག་པ་གོང་གི་ལུང་ལས་གསལ།  

༢༽ ཡང་རྣམ་རྒྱལ་ཚེ་རིང་གིས་བསྒྲིགས་པའི་(བོད་ཀྱི་བརྡ་རྙིང་ཚིག་མཛོད།)  ཅེས་པའི་ཤོག་ངོས་༢༤༣ པས། “ དང་རྭ། ར་སྐོར་རམ་རྭ་བའི་མིང་། ” ཞེས་ར་ལ་ཝ་ཟུར་བཏགས་པ་མ་གཏོགས་དོན་ནི་ར་སྐོར་གྱི་མིང་ཡིན་པར་བཀྲལ་འདུག་པ་ཡིག་ཁུངས་གཉིས་པ་ཡིན། 

༣༽ ཡང་འབྲས་སྤུངས་བློ་གསལ་གླིང་ཉག་རེ་ལྷ་རམས་དགེ་བཤེས་ཚེ་དབང་ཉི་མས་མཛད་པའི་(དམ་ཆོས་འདུལ་བ་གཙོ་གྱུར་གྱི་གཞུང་སྣེ་མང་ལས་བཏས་པའི་ཚིག་མཛོད་མུན་སེལ་སྒྲོལ་མེ་ཞེས་བྱ་བ་བཞུགས་སོ། །) ཤོག་ངོས་༣༦༦ ལས། “ དང་ར། རྭ་སྐོར་རམ་བླ་གབ་མེད་པའི་རྭ་བའི་མིང་སྟེ། (འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་) ལས། དང་ར་ནི་རྭ་སྐོར། ཞེས་དང་། (དག་ཡིག་ཤེས་བྱ་རབ་གསལ་) ལས། དང་ར་བླ་གབ་མེད་པའི་རྭ་བའོ། །ཞེས་གསུངས། དཔེར་ན། (འདུལ་བའི་གླིང་འབུམ་) ལས། དེ་དག་ཚོན་བྱེད་ཀྱི་ལས་བྱེད་པ་ན་དང་ར་རུ་རྩྭ་བཀྲམ་གོས་བསྐམས་ནས་མ་དོར་བས་སྲིལ་བྱུང་ནས། ཞེས་པ་ལྟ་བུའོ། ། ”ཞེས་གོང་གི་མཁས་དབང་བཙན་ལྷའི་དཔེ་དང་གཅིག་མཚུངས་དྲངས་འདུག་པ་འདི་གསུམ་པ་ཡིན། 

༤༽ ཡང་(བོད་རྒྱ་ཚིག་མཛོད་ཆེན་མོ།) ཤོག་ངོས་༡༢༤༢ ལས། “ དང་རྭ། (རྙིང་།) ར་སྐོར་རམ་རྭ་བ། ” ཞེས་བྲིས་འདུག་པ་འདི་ཡིག་ཁུངས་བཞི་པ་ཡིན། 

༥༽ ཡང་མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་(དུང་དཀར་ཚིག་མཛོད་) 

ཤོག་ངོས་༡༠༧༡ ལས། “དང་ར། ར་བའམ་ར་སྐོར། ” ཞེས་བྲིས་འདུག་པ་ནི་ཡིག་ཁུངས་ལྔ་པ་ཡིན། 

གོང་དུ་ཡིག་ཁུངས་ལྔ་དང་དེ་དག་གིས་དྲངས་པའི་ཡིག་ཁུངས་གསུམ་བཅས་ཁྱོན་ཡིག་ཁུངས་བརྒྱད་ནས་“དང་ར་” ར་སྐོར་རམ་རྭ་བར་འཇུག་ཚུལ་གསུངས་འདུག་པ་གོང་གསལ་བཞིན་ལྟར། ཡང་བདག་གིས་མཇལ་བའི་ཡིག་ཁུངས་དག་དྲངས་ཏེ་“དང་ར་” ནི་ར་སྐོར་རམ་ར་བ་ཁོ་ནས་གཞན་ཏུ་མི་འཇུག་པར་སྒྲུབ་འདོད་མིན་པས། དཔྱོད་ལྡན་དག་གིས་ད་དུང་ཡིག་ཁུངས་གཞན་དག་ཏུ་“དང་ར་”ཡི་དོན་གང་དང་ཅི་ལ་བཀྲལ་བའི་ཁུངས་ལུང་གང་ཡོད་འདིར་བཀོད་གནང་ཚེ་རང་ཅག་སློབ་གཉེར་བ་ཀུན་པོར་ཕན་ངེས་པས། དགོངས་ཡངས་དཀྱེལ་ཆེའི་ངང་ནས་བགྲོ་གླེང་གནང་རེ་སྙིང་ནས་ཞུ།

ཞེས་གུས་པ་གཅན བཟོད་རྒྱམ་པས་ཡེ་ལོ་༢༠༡༨ །༡༡། ༢༡ མཚན་མོར་གསལ་ལྡན་གྲོལ་མཐིལ་ནས་སྤེལ་པ་འདིས་ཀྱང་རང་འདྲ་བློ་ལྡན་དག་ལ་ཅུང་ཟད་ཕན་ཐོག་པའི་རྒྱུར་གྱུར་ཅིག་གུ།

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག