༄༅། །འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་པའི་གླིང༌ཕྱག་བཏབ་ནས་མི་ལོ་ཧྲིལ་བོ་༦༠༠ འཁོར་བ།

༄༅། །འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་པའི་གླིང༌ཕྱག་བཏབ་ནས་མི་ལོ་ཧྲིལ་བོ་༦༠༠ འཁོར་བ།


དེ་རིང་ནི་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་ཡོངས་སུ་གྲགས་པའི་དགེ་ལུགས་པའི་མ་དགོན་ཆེན་པོ་འདི་ཉིད་ཕྱག་བཏབ་(༡༤༠༩)སྟེ་ལོ་མི་ཧྲིལ་བོ་༦༠༠་འཁོར་བ་དང་། ཡབ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་འཁྲུངས་(༡༣༥༧)ནས་མི་ལོ་ཧྲིལ་བོ་༦༥༣་ཙམ་དང་། ཁོང་སྐུ་འདས་(༡༤༡༩)ནས་མི་ལོ་ཧྲིལ་བོ་༥༨༩་སོང་བའི་དགོངས་རྫོགས་དུས་ཆེན་དང་སྟབས་བསྟུན། གུས་པས་འདིར་དགའ་ལྡན་དགོན་པའི་ལོ་རྒྱུས་སྙིང་བསྡུས་ཙམ་རྩོམ་སྒྲིག་གིས་བཀོད་པ་འདིས་ཀྱང་། རྒྱལ་བསྟན་དར་ཞིང་རྒྱས་ལ་ཡུན་དུ་གནས་པའི་རྒྱུ་ཕྲ་མོར་གྱུར་ཅིག་གུ།

དེ་ཡང་ཇི་སྐད་དུ། འཇམ་དཔལ་རྩ་རྒྱུད་ལས། དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཞེས་དང༌། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། མ་འོངས་སྙིགས་མའི་དུས་སུ་ནི། །འབྲི་དང་ལྡན་པའི་ས་མཚམས་སུ། །དགེ་ཞེས་བྱ་པའི་དགོན་པ་འདེབས། །བློ་བཟང་ཞེས་པའི་མིང་ཅན་འབྱུང༌། །ཞེས་དང༌། ཡང༌། སློབ་དཔོན་པདྨའི་བཀའ་ཡིག་ལས། དགའ་ལྡན་ཞེས་བྱའི་དགོན་གནས་དམ་པ་རུ། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་ལན་གཅིག་མིན་པར་ཡང་ཡང་ལུང་གིས་བསྔགས་པའི་རི་བོ་དགེ་ལྡན་པའི་མ་དགོན་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་ཡོངས་སུ་གྲགས་པའི་ཆོས་ཀྱི་སྡེ་ཆེན་པོ་འདི་ཉིད་ནི། འཇམ་དབྱངས་མིའི་རྣམ་སྤྲུལ་གངས་ཅན་མཁས་པ་ཀུན་གྱི་གཙུག་རྒྱན་འཇམ་མགོན་རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་༡༣༥༧ ནས་༡༤༡༩ ཞེས་མཚན་སྙན་ གྱི་བ་དན་ཕྱོགས་བཅུར་གཡོ་བ་དེ་ཉིད་ཀྱིས་བོད་རབ་བྱུང་བདུན་པའི་ས་གླང་ཕྱི་ལོ་ ༡༤༠༩ ལོར་ལྷ་ས་གྲོང་ཁྱེར་ནས་ཤར་ཕྱོགས་སུ་ལམ་ཐག་སྤྱི་ལེ༤༠ ལྷག་གི་སར་དེང་གི་སྟག་རྩེ་རྫོང་ཁོངས་དབང་སྐུར་རིའི་ལྡེབ ས་བཙུན་མོ་སྡིངས་ཀྱི་མདུན་ངོས་འགོག་པ་རིའི་སྟེང་དུ་སྐྱེ་རྒུའི་བསོད་ནམས་ ཀྱི་ཞང་ས་དམ་པར་ཕྱག་བཏབ། འཕགས་པ་མོ་འགལ་གྱི་བུས་གཏེར་དུ་སྦས་པའི་ཆོས་དུང་དཀར་པོ་དང་ཆོས་རྒྱལ་ཞལ་འབག་གཉིས་མི་མངོན་པའི་ཚུལ་གྱིས་གཏེར་ནས་བཞེས།
ཕྱི་ལོ་༡༤༡༠ ལོར་ཡབ་རྗེ་བླ་མ་འཁོར་བཅས་ཀྱིས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསུངས། མཁན་ཆེན་ཕྱག་རྡོར་བས་ལུང་བསྟན་པ་བཞིན་དགའ་ལྡན་ཞེས་པའི་མིང་བཏགས། དགོན་པ་དེར་ནང་གསེས་ཤར་རྩེ་དང་བྱང་རྩེ་གྲྭ་ཚང་གཉིས་ལ་ཁང་ཚན་ཉེར་གསུམ་དང༌། དགེ་འདུན་ཞལ་གྲངས་ནི་༥༠༠ དང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཻ་དཀར་མཛད་སྐབས་༡༡༠༠། རབ་བྱུང་བཅུ་དྲུག་པའི་ས་ཕག་ཕྱི་ལོ་༡༩༥༩ ལོར་༥༤༠༠ ལྷག་ཙམ་དང༌། ཁ་རྒྱུན་གྱི་གྲངས་ཚད་༣༣༠༠ བཅས་ཡིན།
འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་འདི་ལ་ནང་གསེས་ཆོས་གྲྭ་ཆེན་པོ་དགའ་ལྡན་ཤར་རྩེ་གྲྭ་ཚང་དང་བྱང་རྩེ་གྲྭ་ཚང་ཞེས་གྲྭ་ཚང་ཆེན་པོ་གཉིས་ཡོད་ཡོད་ཅིང་། དེ་ཡང་རྗེ་བླ་མ་ཤར་རྗེ་ཙོང་པ་ཆེན་པོའི་དངོས་སློབ་ཤར་པ་རིན་ཆེན་རྒྱལ་མཚན་གྱིས་ཐོག་མར་ཕྱག་བཏབ་ཅིང་ཤར་རྩེའི་བླ་ས་བཟུང༌། དེ་ནས་བཟུང་རིམ་པས་དགོན་པར་ཆོས་ཞུགས་གནང་མཁན་བོད་ས་སྟོད་སྨད་བར་གསུམ་ནས་ཕེབས་སྟབས་སྐད་རིགས་ཅུང་མི་འདྲ་བ་སོགས་དམིགས་གསལ་ཁྱད་ཆོས་རེ་ཡོད་པས་གྲྭ་ཚང་སོ་སོར་ཡང་ཁང་ཚན་དང་མི་ཚན་མང་དུ་བྱུང་བ་ལས། གྲྭ་ཚང་འདིར་ཁང་ཚན་བཅུ་གཅིག་ཡོད་པ་སྟེ། ༡རྡོ་ཁང༌། ༢ཕུ་ཁང༌། ༣ལྷོ་པ། ༤ག་རེ། ༥ཅོ་ནེ། ༦ཐེ་བོ། ༧ཟུང་ཆུ། ༨སོག་པོ། ༩རྟ་དབོན། ༡༠མངའ་རིས། ༡༡གུང་རུ་ཁང་ཚན་བཅས་སོ། །སྐབས་དེའི་ཁང་ཚན་གྱི་རྒྱ་ཁྱོན་དང་མི་ཚན་ཅི་ཡོད་སོགས་དུང་དཀར་ཚིག་མཛོད་ཤོག་ ངོས་༥༩༢ནས་༥༩༥པར་གསལ།
ཕྱི་ལོ་ ༡༤༢༥ རབ་བྱུང་བདུན་པའི་ཤིང་མོ་སྦྲུལ་ནས་མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོས་གྲྭ་ཚང་འདིར་མདོ་སྔགས་ཀྱི་བཀའ་སྲོལ་རྣམ་པར་དག་པ་འཆད་ཉན་བསྐྱངས། གསེར་ཁྲིར་ཕེབས་སྐབས་འཆད་ཉན་ཁག་བཞིར་བགོས་ཏེ་ཤར་རྩེའི་ཕྱོགས་སུ་པཎ་ཆེན་ ཤཱཀྱ་ཤྲི་དང༌། ཆོས་ཀྱི་གྲགས་པ་གཉིས་སློབ་དཔོན་དུ་བསྐོ་གཞག་མཛད། རིམ་གྱིས་ཟླ་བསྒྲིལ་ནས་རྩེ་ཤར་གཉིས་སམ་ཤར་བྱང་གཉིས་སུ་འདུས། དེ་ནས་གྲྭ་ཚང་འདི་ཉིད་དུ་འཆད་ཉན་གྱི་འཁུར་འཛིན་ཅིང་ལུགས་གཉིས་སྐྱོང་བའི་མཁན་རབས་རིམ་པར་བྱོན་པ་ལས། མཁས་གྲུབ་སྨྲ་བའི་ཉི་མ་དང༌། པཎ་ཆེན་ཤཱཀྱ་ཤྲི་སོགས་མཁན་རབས་ཞལ་གྲངས་ ༡༣ བྱུང་རྗེས་རྗེ་བླ་མའི་ཐུགས་སྲས་དབུས་གཙང་བསྟན་པའི་སྣང་བྱེད་བཅུའི་ནང་ཚན་འཆད་རྩོད་འགྲན་ཟླ་བྲལ་བ་རྒྱལ་དབང་ཆོས་རྗེས་ཕྱག་བཏབ་པ་གསང་ཕུ་ཉག་རོང་གྲྭ་ཚང་ཕྱིས་མེ་སྐྱོན་བྱུང་ནས་དགོས་དབང་གིས་གྲྭ་ཚང་འདི་ཉིད་དུ་ཟླ་བསྒྲིལ་བ་དེའི་གོང་གི་མཁན་རབས་ཞལ་གྲངས་ ༢༢ གྲྭ་ཚང་འདི་གཉིས་མཉམ་དུ་བསྒྲིལ་བའི་མཁན་རབས་བཤེས་གཉེན་ཆེན་པོ་བློ་བཟང་བསྟན་འཕེལ་ནས་ཕྱི་ལོ་༡༩༥༩ ས་མོ་ཕག་གི་ལོ་བོད་བསྟན་སྲིད་དུས་འགྱུར་སྐབས་བཤེས་གཉེན་ཆེན་པོ་བློ་བཟང་ཆོས་འཕེལ་བར་མཁན་རབས་ཞལ་གྲངས་༦༢ བྱོན་པ་དང༌། དགེ་འདུན་ཞལ་གྲངས་༢༥༠༠ལྷག་ཡོད་ངེས་ཀྱང་ང་དགུ་ལོའི་དུས་འགྱུར་སྐབས་བྱེས་སུ་མང་པོ་ཕེབས་འབྱོར་གནང་ཐུབ་མེད།གྲྭ་གྲངས་མི་གསལ།
༡༩༥༩ ལོའི་དུས་འགྱུར་ནི་བོད་ཀྱི་ལོ་རྒྱུས་ཐོག་ནམ་ཡང་བརྗེད་ཐབས་དང་གསུབ་ཏུ་མེད་པའི་དུས་ཚིགས་ཤིག་ཡིན་ལ། བོད་རབ་རྒྱལ་ས་ཕག་ལོའི་ཟླ་བ་༢ པའི་ཚེས་༡༧ ཕྱི་ལོ་༡༩༥༩ ལོའི་ཟླ་༣ པའི་ཚེས་༡༧ ཉིན་ྋམགོན་པོ་གིས་དབུས་བོད་མི་སྟོང་ཕྲག་མང་པོས་རང་གི་ཕ་མ་སྤུན་མཆེད་གཉེན་ཉེ་དུ་དང་བརྩེ་བའི་ཕ་ཡུལ་སོགས་མི་འདོད་བཞིན་རྒྱབ་ཏུ་བསྐྱུར་ཏེ་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་དགོས་པའི་ལོ་རྒྱུས་ཐོག་གི་ཐབས་སྐྱོ་བའི་གནས་ཚུལ་དེ་བྱུང་བ་དང༌།
༸མགོན་པོ་གང་གིས་རླབས་ཆེན་དགོངས་བཞེད་བཞིན་ཐོག་མར་སྦག་ས་རུ་རིས་མེད་ཆོས་སྡེ་ཁག་མཉམ་གནས་ཀྱིས་ནང་བསྟན་ཤེས་རིག་འཛིན་སྐྱོང་སློབ་གཉེར་ཁང་ཞེས་པ་གསར་འཛུགས་གནང་སྟེ་ཆོས་སྤྱོད་ཀྱི་བྱ་བའི་རྒྱུན་བསྐྱངས། འོན་ཀྱང་ས་གནས་དེར་ཚ་བ་ཧ་ཅང་ཆེ་བ་དང་དགེ་འདུན་པ་རྣམ་པར་ས་ཆུ་མ་འཕྲོད་པ་སོགས་དཀའ་ངལ་འོག་དུས་མིན་རྐྱེན་འདས་སུ་སོང་བའང་མང་ཞིང༌། ཕྱི་ལོ་༡༩༦༩ལོར་གདན་ས་སྤྱི་མཚུངས་ལྟར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་དང་སྟབས་བསྟུན་གནས་སྤོས་ཞུས། ༡༩༦༩ ལོའི་ཟླ་༡༡ ནང་མཁན་རིན་པོ་ཆེ་བློ་བཟང་ཆོས་འཕེལ་སྐབས་འཕྲལ་སེལ་རྫ་ཐོག་ཅན་ གྱི་འདུ་ཁང་གསར་བཞེངས་གནང༌། ༡༩༧༣ ལོར་གདན་ས་ཆེན་པོ་ཤར་བྱང་གཉིས་ཀྱི་འཕྲལ་སེལ་ཚོགས་ཆེན་འདུ་ཁང་གསེར་བཞེངས་གནང༌། ༡༩༨༧ ལོར་ཚོགས་ཆེན་འདུ་ཁང་རྒྱ་བསྐྱེད་གནང༌། ཕྱི་ལོ་༡༩༧༤ ལོར་མཁན་རིན་པོ་ཆེ་དཀོན་མཆོག་རྒྱ་མཆོའི་སྐབས་ཆར་ཆུ་མ་འཛོམས་པའི་དཀའ་ངལ་ཆེ་ཆེར་བརྟེན་ཐོག་གཡབ་ཤེ་ཊི་ཅན་གྱི་འདུ་ཁང་གསར་བཞེངས་གནང༌། རིམ་གྱིས་གྲྭ་ཚོགས་འཕེལ་རྒྱས་བྱུང་སྟེ་གྲྭ་མང་མི་ཤོང་བས་དཀའ་ངལ་ཆེ་བས། ཕྱི་ལོ་༡༩༩༣ ལོར་འདུ་ཁང་ཆེན་མོ་གསར་བཞེངས་ཀྱིས་༡༩༩༥ ལོར་ལེགས་གྲུབ་དང༌། ྋམགོན་པོ་གང་ཉིད་གདན་ཞུས་ཀྱིས་དབུ་འབྱེད་མཛད་སྒོའི་བཀའ་དྲིན་བསྐྱངས།
ད་ལྟ་གྲྭ་ཚང་འདིའི་ལས་ཐོག་མཁན་རིན་པོ་ཆེ་གྲགས་པ་བསྟན་འཛིན་གྱིས་གཙོས་བོད་རིགས་༧༤༡ དང༌། རྒྱ་གར་བ་༥། ཁུ་ནུ་བ་༣༠། པི་ཏི་བ་༡༥༤། ལ་དྭགས་པ་༡༣། མོན་པ་༡༡༠། སོག་པོ་༥། འབྲུག་པ་༡༠། བལ་པོ་༣༠། མི་རིགས་གཞན་༤བཅས་ཁྱོན་བསྡོམས་དགེ་འདུན་ཞལ་གྲངས་༡༡༠༢ ཀྱིས་འཆད་ཉན་གྱི་གཙོ་ བོ་འཕགས་བོད་ཀྱི་གཞུང་ཆེན་སྤྱི་དང་རྗེ་ཡབ་སྲས་གསུམ་གྱི་གསུང༌། པན་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་གཞི་བཟུང་གིས་བསླབ་པ་སློབ་གཉེར་གནང་དང་གནང་ བཞིན་པ་ལགས།
གྲྭ་ཚང་འདིའི་ལོ་འཁོར་དུས་མཆོད་ཁག་ནི། བོད་ཟླ་༣ པར་ཐེ་བོ་ཆོས་ཚོགས། དགེ་བསྐོས་ཆོས་ཐོག གསང་ཕུ་དབྱར་ཆོས། བོད་ཟླ་༦པར་དགེ་བསྐོས་དང༌། སེའུ་ཐང་དུས་ཆེན། དབྱར་གནས། བོད་ཟླ་༧པར་འདུལ་བ་གཞི་སྟོད། གཞི་སྨད། མཛོད་སྟོད་སྨད། དབུ་མ་གསར་པ། རྣམ་འགྲེལ། ཕར་ཕྱིན། དབུ་མ་རྙིང་པ་བཅས་ཀྱིས་ཚོགས་ལངས། བོད་ཟླ་༨ པར་སྟོན་ཆོས་དང་པོ། བོད་ཟླ་༩ བར་སྟོན་ཆོས་གཉིས་པ། བོད་ཟླ་༡༠ པར་དགའ་ལྡན་ལྔ་མཆོད་ཆེན་མོ། བོད་ཟླ་༡༡ པར་ཚོགས་རམས་དང་ལྷ་རམས་པའི་དགེ་བཤེས་གཏོང་སྒོ། བོད་ཟླ་༡༢ པར་དགུན་ཆོས་གཉིས་པ། ཡངས་པ་ཅན་སྨོན་ལམ། ཤིས་བརྗོད། བོད་ཟླ་༡ པོར་ལྷ་ལྡན་སྨོན་ལམ་ཆེན་མོ། བོད་ཟླ་གཉིས་པར་སྟག་རྩེ་སྒྲུབ་མཆོད་ཆེན་མོ་ཞེས་གྲགས་པ་རྗེའི་མཛད་ཆེན་བཞིའི་ཡ་གྱལ་དགའ་ལྡན་སྒྲུབ་མཆོད་ཆེན་མོ་བཅས་སོ། །
སློབ་གཉེར་གྱི་རིམ་པ་ལ། གྲྭ་ཚང་གི་སློབ་གཉེར་པ་རྣམས་ཀྱིས་ཐོག་མར་མཛོ་མོ་ར་བ་ཞེས་ཆོས་རྭའི་ཕྱི་རོལ་ཏུ་འཛིན་གྲྭ་འཚོགས་ཤིང༌། དེ་ནས་ཁ་དོག་དཀར་དམར་འཛིན་གྲྭར་སྤོས་ཏེ་སློབ་སྦྱོང་དབུ་འཛུགས་དགོས། དེའི་ཚུལ་འཛིན་གྲྭ་ཁག་བདུན་ཏེ། བློ་འཛིན། དཔེ་འཁྲིད། རྩོད་པ། བསྐྱར་སྦྱོང༌། ཕྱག་དཔེ་ཀློག་པ། དཔེ་ཆ་བཤད་རེས། ཞར་བྱུང་སློབ་ཚན་འདོན་ཆོག རྒྱལ་རབས་ཆོས་འབྱུང༌། སྙན་ངག་སུམ་རྟགས་སོགས།བཅས་དང༌། བསྡུས་གྲྭའི་འཛིན་གྲྭ་བཞི། ཕར་ཕྱིན་འཛིན་གྲྭ་ལྔ༌། དབུ་མ་འཛིན་གྲྭ་གསུམ་བཅས་ལོ་རེར་རྒྱུགས་སྤྲོད་ཀྱིས་འཛིན་གྲྭ་རིམ་འཕར་དང༌། དབུ་མའི་འཛིན་གྲྭར་ཕེབས་སྐབས་རྡོ་རམས་དང༌། གླིང་གསེས་དམ་བཅའ་མ་བཞག་དབར་འདུལ་བ་སློབ་གཉེར་གནང་རྒྱུ་དང༌། དགེ་བཤེས་ཆུང་ཁག་བཞག་ནས་ཆེ་ཁག་མ་བཞག་བར་འདུལ་བ་སློབ་གཉེར་གནང་དགོས། ད་ལྟའི་ཕྱག་ལེན་དུ་རྣམ་འགྲེལ་འཛིན་གྲྭ་འཕེར་མ་ཞིག་བསྡུས་གྲྭ་ཐོན་མཚམས་སློབ་གཉེར་གནང་རྒྱུ་མ་གཏོགས་གཞན་རྣམས་གོང་མཚུངས་ཡིན།
འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་པའི་ཆོས་སྡེ་ཆེན་པོ་དེར་གྲྭ་ཚང་གཉིས་ཡོད་པའི་ནང་ཚན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ནི། ཡབ་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རང་འདྲའི་བུ་ཆེན་བདུན་གྱི་ནང་ཚན་སེམས་དཔའ་ཆེན་པོ་ཧོར་ཆེན་ནམ་མཁའ་དཔལ་བཟང་གིས་ཕྱག་བཏབ་ཅིང་མཁན་པོ་གནང༌། སྡེ་སྲིན་སངས་རྒྱས་རྒྱ་མཚོའི་བཻ་སེར་ནང་དུ་གྲྭ་ཚང་འདི་ཉིད་ཕྱག་འདེབས་པ་པོ་ཧོར་སྟོན་ནམ་མཁའ་བཟང་པོ་ཧོར་སྟོན་ནམ་མཁའ་དཔལ་ཡང་ཟེར། ༡༣༧༣ ནས་༡༤༤༧ ནས་དོན་གྲུབ་རྒྱ་མཚོ་བར་མཁན་རབས་ཉེར་དགུའི་མཚན་གསལ་བ་དང༌། བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་༡༩༥༩ ལོ་མཁན་པོ་ལས་ཐོག་གོ་བོ་ཡེ་ཤེས་དགའ་བ་ ཡིན། དེ་ནས་བཟུང་རིམ་པས་དགོན་པར་ཆོས་ཞུགས་གནང་མཁན་བོད་ས་སྟོད་སྨད་བར་གསུམ་ནས་ཕེབས་སྟབས་ཡུལ་སྐད་ཅུང་མི་འདྲ་བ་སོགས་དམིགས་གསལ་ཁྱད་ཆོས་ལ་བརྟེན་ཁང་ཚན་དང་མི་ཚན་མང་དུ་བྱུང་བ་ལས། གྲྭ་ཚང་འདིར་ཁང་ཚན་བཅུ་གཉིས་ཡོད། ༡ ཀླུ་འབུམ། ༢ ཚ་བ། ༣ ཧར་གདོང༌། ༤ བསམ་བློ། ༥ ཏྲེ་ཧོར། ༦ གསེར་ཀོང༌། ༧ རྡོ་ར། ༨ རྒྱལ་རོང༌། ༩ གོ་བོ། ༡༠ ཕ་ར། ༡༡ ཀོང་པོ། ༡༢ བྲ་ཉེ་བཅས་ལ་དགེ་འདུན་ཞལ་གྲངས་ཉིས་སྟོང་༢༠༠༠ ལྷག་བཞུགས་པ་དང༌། འཆད་ཉན་གྱི་གཙོ་བོ་རྗེ་ཡབ་སྲས་དང་སེ་ར་རྗེ་བཙུན་པའི་ཡིག་ཆ་རྣམས་ཡིན། སྐབས་དེའི་ཁང་ཚན་གྱི་རྒྱ་ཁྱོན་དང་མི་ཚན་ཅི་ཡོད་སོགས་དུང་དཀར་ཚིག་མཛད་ཤོག་ངོས་༥༩༢ ནས་༥༩༥ པར་གསལ། ཕྱི་ལོ་༡༩༥༩ ལོའི་དུས་འགྱུར་སྐབས་དགེ་འདུན་ཞལ་གྲངས་༡༠༠༠ ལྷག་ཙམ་ལས་རྒྱ་གར་དུ་ཕེབས་འབྱོར་གནང་ཐུབ་མེད།
གྲྭ་ཚང་འདིའི་མཚན་དོན་ལ། གསུང་རྒྱུན་གཞན་ལས། སྔར་བྱང་རྩེ་གྲྭ་ཚང༌། ཐོས་བསམ་གྲྭ་ཚང༌། ནོར་གླིང་གྲྭ་ཚང་བཅས་གསུམ་ཡོད་ཅིང༌། རྗེས་སུ་གཅིག་ཏུ་བསྒྲིལ་བས་ད་ལྟའི་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་འདི་ཉིད་ཡིན་ཟེར།
ཕྱི་ལོ་༡༩༥༩ ལོའི་ཟླ་༣ པའི་ཚེས་༡༧ ཉིན་བོད་རྒྱལ་ཁབ་ཆེན་པོར་ཆག་འཇིག་གི་ཉམས་ཉེས་ཆེན་པོ་བྱུང་སྟེ། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་གཞུང་འབངས་སེར་སྐྱ་སྟོང་ཕྲག་མང་པོ་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་དགོས་བྱུང་ཞིང༌། སྐབས་དེའི་དུས་ངན་རླུང་འཚུབ་ཁྲོད་བོད་ཀྱི་རིག་གཞུང་ཡུལ་སྲོལ་གོམས་གཤིས་སྤྱི་དང༌། ལྷག་པར་བོད་ཀྱི་དགོན་སྡེ་དྲུག་སྟོང་ལྷག་ཙམ་ལ་རྨང་མེད་གཏོར་བཤིག་ཐེབས་ཤིང་ལྷ་རྟེན་ཆོས་གསུམ་རྣམས་བསྲེག་གཅོག་གཏོར་སོགས་ཀྱིས་ཐལ་བའི་ཕུང་པོར་བསྒྱུར། དད་ལྡན་བོད་མི་དང་ལྷག་བསམ་ཅན་སེར་སྐྱ་ཁྲི་ཁྲག་མང་པོས་རང་སྲོག་བློས་བཏང་གིས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་ལ་ཞུགས་ཀྱང༌། མཐར་མང་སྣེ་ཉུང་གིས་མ་བརྟན་པར་ཆག་འཇིག་ཉམས་ཉེས་ཆེན་པོ་བྱུང༌། དུས་དེ་ནས་བཟུང་བོད་ཕྱི་ནང་གཉིས་དང་སྐྱབས་བཅོལ་བ་ཞེས་པའི་ཐ་སྙད་དེའང་མི་འདོད་བཞིན་དུ་བཙན་བྱོལ་བོད་མི་སྟོང་ཕྲག་མང་པོའི་མགོ་ཐོག་ཏུ་བབས།
སྐབས་དེར་གྲྭ་ཚང་འདིར་དགེ་འདུན་ཞལ་གྲངས་༢༠༠༠ ལྷག་ཙམ་ཡོད་ནའང་དེ་དག་གི་ཁོངས་ནས་མང་དག་ཅིག་གིས་བོད་བསྟན་སྲིད་ཀྱི་སླད་དུ་བཙན་རྒོལ་ནང་དུ་ཞུགས་ཏེ་རང་གི་གཅེས་སྲོག་ཀྱང་བློས་བཏང༌། ྋམགོན་པོ་ཁོང་དང་ལྷན་དུ་སྐྱབས་བཅོལ་དུ་ཕེབས་འབྱོར་ཐུབ་པ་ནི། བཀའ་དྲིན་གཞལ་ཐབས་བྲལ་བའི་ྋ་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་དགའ་བ་དཔལ་བཟང་པོ་མཆོག་དང༌། གསེར་ཀོང་མཁན་ཟུར་རིན་པོ་ཆེ་དཔལ་བཟང་པོ་མཆོག སྐྱབས་རྗེ་གསེར་ཀོང་མཚན་ཞབས་རིན་པོ་ཆེ། སྐྱབས་རྗེ་གསེར་ཀོང་རྡོ་རྗེ་འཆང་རིན་པོ་ཆེ། སྐྱབས་རྗེ་ཕ་ར་རིན་པོ་ཆེ། ཀླུ་འབུམ་རིན་པོ་ཆེ། ཨ་ལགས་འཇིགས་མེད་རིན་པོ་ཆེ། ཉ་ལུ་ཞབས་རིན་པོ་ཆེ་སོགས་ཀྱིས་དབུས་དགེ་འདུན་ཞལ་གྲངས་ཆིག་སྟོང་མ་ཟིན་ཙམ་ཕེབས་འབྱོར་གནང་ཐུབ་བྱུང་ཞིང༌།
ྋམགོན་པོ་མཆོག་གི་བླ་ན་མེད་པའི་མཛད་ཇུས་འོག་བཙན་བྱོལ་བོད་གཞུང་དང་གནས་ཡུལ་རྒྱ་གར་དབུས་གཞུང་གཉིས་ཀྱིས་གོ་སྒྲིག་གནང་བ་བཞིན་འབྲུག་དང་རྒྱ་གར་མངའ་སྡེ་ཨ་སམ་གཉིས་ཀྱི་ས་མཚམས་སྦག་ས་ཞེས་པར་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ། དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་ཀྱིས་གཙོས་དགེ་ལུགས་པ་དང༌། ས་སྐྱ། རྙིང་མ། བཀའ་རྒྱུད་བཅས་ཀྱི་དགེ་འདུན་པ་དང་བཙུན་མ་བཅས་ཁྱོན་གྲྭ་བཙུན་ཉིས་སྟོང་ལྔ་བརྒྱ་ལྷག་ཙམ་མཉམ་འདུས་ཀྱིས། སྦག་ས་ནང་བསྟན་ཤེས་རིག་འཛིན་སྐྱོང་སློབ་གཉེར་ཁང་ཐོས་བསམ་ཐར་འདོད་གླིང་ཞེས་པ་གསར་འཛུགས་གནང་སྟེ། ཆོས་རྒྱུད་ཁག་གི་ཐུན་མིན་ཆོས་སྤྱོད་མཛད་བཟང་ཁག་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གནང་ཞིང༌། བྱང་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་དགའ་བ་དཔལ་བཟང་པོ་མཆོག་ གིས་གཙོས་དགེ་འདུན་ཞལ་གྲངས་༢༠༠ ལྷག་ཙམ་ཡོད་པ་རྣམས་ལའང་སྐབས་དེའི་གནམ་གཤིས་ཚ་དྲོད་ཧ་ཅང་ཆེ་ཞིང༌། ལྷག་པར་དུ་ས་ཆུ་མི་འཕྲོད་པ་དང་ནད་མནར་སྣ་ཚོགས་པའི་དཀའ་ངལ་འོག་དུས་མིན་ རྐྱེན་འདས་སུ་གྱུར་བ་སོགས་སྐྱབས་བཅོལ་བོད་མི་སྤྱི་མཚུངས་ལྟར་དཀའ་ཁག་ཅི་བས་ཆེ་ཞིང༌། སྐབས་དེའི་དགེ་འདུན་རྣམས་འཚོ་བའི་མཐུན་རྐྱེན་ཧ་ཅང་ཞན་ཅིང་རྒྱུན་ལྡན་ཆོས་གྲྭྭ་སོགས་ཀྱི་སྐབས་སུ་སྐུ་ལ་ཆོས་གོས་རྣམ་གསུམ་ལྟ་ཅི། གཟན་སྐྱ་ཙམ་ཡང་མཆོད་རྒྱུ་མེད་པར་སྐྱ་ཆས་མནབས་ཏེ་རྩོད་གྲྭ་གནང་དགོས་པ་སོགས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ཅིང༌། བོད་བསྟན་སྲིད་ཀྱི་སླད་དུ་ལྷག་བསམ་གྱི་འོ་མཚོ་གྱེན་དུ་འཕྱོ་བའི་མཐུ་ལས་བསྟན་པའི་མེ་རོ་རྨང་ནས་གསོས་ཏེ། ཆོས་སྡེ་སོ་སོའི་ཆོས་སྤྱོད་ཀྱི་བཞེད་སྲོལ་རྣམས་དུས་བདེའི་སྐབས་བོད་དུ་ཇི་ཡོད་བཞིན་ཉམས་པ་མེད་པར་རྒྱུད་འཛིན་གནང་ཐུབ་ཡོད།
ཕྱི་ལོ་༡༩༦༨ རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་འགའ་ཞིག་ཏུ་གནས་སྤོས་གནང་གཏན་འཁེལ་བ་བཞིན་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་དང་ཧོན་སོར་རབ་རྒྱས་གླིང༌། ཀོ་ལི་སྒར་དོན་ལྡན་གླིང༌། མོན་གྷོ་འདོད་རྒུ་གླིང་སོགས་གཞིས་ཆགས་གསར་འཛུགས་གནང་བ་བཞིན། ཕྱི་ལོ་༡༩༧༠ ལོའི་ཟླ་བ་དང་པོའི་ནང་དགའ་ལྡན་བྱང་རྩེ་གྲྭ་ཚང་འདི་ཡང་མོན་གྷོ་འདོད་རྒུ་གླིང་དུ་གནས་སྤོས་གནང༌། སྔར་སྦག་སར་གྲྭ་ཚང་འདིའི་དགེ་འདུན་ཞལ་གྲངས་༢༠༠ ཡོད་ཁུངས་ནས་མོན་གྷོ་རུ་གནས་སྤོས་སྐབས་མཁན་རིན་པོ་ཆེ་རྗེ་བཙུན་ཨོ་རྒྱན་ཆོས་འཕེལ་དཔལ་བཟང་པོ་མཆོག་གིས་གཙོས་དགེ་འདུན་ཞལ་གྲངས་༡༧༣ ཙམ་ཡོད། ས་ཆ་ཨེ་ཀ་༡༠༧གནང་བ་དང༌། ཐོག་མར་ས་གནས་དེར་འབྱོར་སྐབས་དགེ་འདུན་པ་རྣམས་རས་གུར་འོག་སྡོད་དགོས་བྱུང་བ་དང༌། དེ་ནས་རིམ་གྱིས་རྩྭ་ཁང་དང་རྫ་ཁང་རྡོ་གཡའ་མའི་ཁང་པ། ཕྱིས་སུ་ཨར་ལས་དབུ་འཛུགས་ཐོག་རིམ་བཞིན་ཕྱིའི་འཛུགས་བསྐྲུན་དར་རྒྱས་སོང༌། བྱེས་འབྱོར་དགེ་འདུན་ཞལ་གྲངས་༡༧༣ ཡོད་ཐོག་ཕྱི་ལོ་༡༩༦༩ ཙམ་ནས་བོད་པའི་གཞིས་ཆགས་ཁོངས་ནས་གྲྭ་ཚང་འདིར་ཆོས་ཞུགས་བྱེད་མི་མང་དུ་སོང་བ་དང༌། རིམ་གྱིས་བོད་ནས་གསར་དུ་འབྱོར་བའང་ཇེ་མང་དང༌། ཁུ་ནུ་དང་པི་ཏི། ལ་དྭགས། མོན་པ། འབྲུག བལ་ཡུལ། དེ་མིན་གྱི་མི་རིགས་དང་རྒྱལ་ཁབ་འདྲ་མིན་ནས་གྲྭ་རྒྱུན་མང་ཞིང་འཕེལ་བས། སྔར་བོད་དུ་ཡོད་པའི་ཁང་ཚན་རྣམས་ཀྱང་གསར་འཛུགས་གནང་ཐུབ་ཡོད།
ཕྱི་ལོ་༡༩༨༣ ལོའི་ཟླ་བ་༢ ཚེས་༡༤ ཉིན་གྲྭ་ཚང་འདིའི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་དང༌། དབུ་འབྱེད་མཛད་སྒོར་ཇི་ལྟར་གསོལ་བ་བཏབས་པ་བཞིན། ༸སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་ཞབས་སོར་བཀོད་དེ་གསུང་ཆོས་བཀའ་དྲིན་བསྩལ།
ཕྱིས་སུ་བོད་ནས་གྲྭ་རྒྱུན་མང་པོ་འབྱོར་བས་སླར་ཡང་འདུ་ཁང་རྒྱ་བསྐྱེད་གནང་ ཞིང༌། ཕྱི་ལོ་༢༠༠༡ ལོའི་ཟླ་༡༢ པའི་ཚེས་༡༩ ཉིན་འདུ་ཁང་གསར་པའི་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་བྱུང་བའི་སྒོ་འབྱེད་མཛད་སྒོར་ཇི་ལྟར་གསོལ་བ་བཏབ་པ་བཞིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་ཕེབས་ཀྱིས་གསང་ཆེན་རྒྱུད་སྡེ་བཞིའི་དབང་ཆེན་དང༌། འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོའི་གསུང་སྔགས་རིམ་ཆེན་མོའི་གསུང་ཆོས་བཀའ་དྲིན་བསྐྱངས། གྲྭ་ཚང་རིན་པོ་ཆེས་ྋམགོན་པོ་གང་གི་སྐུ་ཚེ་བརྟན་ཆད་བརྟན་བཞུགས་རྒྱས་པ་འདེགས་འབུལ་ཞུས། ཕྱི་ལོ་༡༩༦༩ ནས་ད་བར་དུ་གྲྭ་ཚང་འདིས་གྲྭ་རྒྱུན་འཕེལ་རྒྱས་ཀྱི་དབང་གིས་ཚོགས་ཆེན་འདུ་ཁང་ཐེངས་བཞི་ཙམ་ལ་རྒྱ་བསྐྱེད་གནང༌།
ད་ལྟའི་ཆར་རྒྱུན་བཞུགས་དགེ་འདུན་ཞལ་གྲངས་༢༠༧༡ ཙམ་བཞུགས་ཤིང་སློབ་གཉེར་གནང་ཕྱོགས་ཀྱི་ཐད་ལ། འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་འདི་ཉིད་ནི་མདོ་སྔགས་ཟུང་འབྲེལ་གྱི་རོ་བོ་དགེ་ལྡན་པའི་ཆུ་མགོ་གངས་ཐུག་གི་མ་དགོན་ཡིན་པ་བཞིན་གྲྭ་ཚང་འདིས་མདོ་སྔགས་གཉིས་ཀའི་ཕྱོགས་ལ་ལོ་ངོ་དུ་མའི་རིང་ལ་སློབ་གཉེར་གྱིས་རིམ་བཞིན་དགེ་བཤེས་ཚོགས་རམས་དང་ལྷ་རམས། སྔགས་རམས་སོགས་དམ་འཇོག་གནང་དགོས་གདན་ས་སྤྱི་མཚུངས་དང༌། འཕགས་བོད་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་སྟངས་ནི་ཐོག་མར་སྔོན་འགྲོ་ལྟ་བུར་བསྡུས་གྲྭ་ལོ་གསུམ་རིང་རྒྱུགས་འབུལ་ལེགས་གྲུབ་བྱུང་མཚམས། རྣམ་འགྲེལ་ལོ་གཅིག ཕར་ཕྱིན་ལོ་དྲུག དབུ་མ་ལོ་གསུམ། མཛོད་ལོ་གཉིས། འདུལ་བ་ལོ་གསུམ་བཅས་ཁྱོན་ལོ་ངོ་ཧྲིལ་བོ་བཅོ་བརྒྱད་ཀྱི་རིང་སློབ་གཉེར་ལེགས་གྲུབ་བྱུང་རྗེས་གྲྭ་ཚང་འདིའི་འཛིན་གྲྭ་ཡོངས་སུ་རྫོགས་པ་དང༌། གོང་གསལ་འཛིན་གྲྭ་ཁག་གི་ཁོངས་སུ་བོད་ཀྱི་ཐུན་མོང་རིག་གནས་སྙན་སུམ་རྒྱལ་རབས་ཆོས་འབྱུང་ཡིག་གཟུགས་དང་བཅས་པ་སློབ་གཉེར་དང་རྒྱུགས་སྤྲོད་ལེགས་པར་བྱེད་དགོས་པ་ཡིན།
ལོ་རེར་རྒྱུགས་སྤྲོད་ཐེངས་རེ་དང༌། རྒྱུགས་སྤྲོད་སྐབས་རྒྱུགས་ཞིབ་ཚོགས་ཆུང་གིས་སྟང་འཛིན་གྱི་སྒྲིག་ཁྲིམས་འོག་འཛིན་གྲྭ་རང་རང་གི་སྐབས་བབ་སློབ་ཚན་རྣམས་ལ་རྩོད་རྒྱུགས་དང་བྲིས་རྒྱུགས། རྩོམ་རྒྱུགས། བློ་རྒྱུགས་བཅས་ལེགས་གྲུབ་བྱུང་ཚེ་འཛིན་གྲྭ་རིམ་འཕར་གྱིས་གྲྭ་ཚང་གི་འཛིན་གྲྭ་རྫོགས་མཚམས་དགེ་ལྡན་ལུགས་ཟུང་སློབ་གཉེར་ཁང་ཆེན་མོའི་རྒྱུགས་སྤྲོད་ལ་ཕེབས་དགོས་པ་བཞིན། འདི་ག་གྲྭ་ཚང་དུའང་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་མཐར་ཕྱིན་ཏེ་དགེ་བཤེས་ལྷ་རམས་དང་སྔགས་རམས་སོགས་ལ་ཕེབས་མཁན་ལོ་རེ་བཞིན་ཇེ་མང་ཇེ་མང་དུ་འགྲོ་བཞིན་པ་དང༌། ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་གསན་བསམ་སྒོམ་པ་གཤིས་ཕྱིན་པར་གནང་རྗེས་རྒྱུད་ གྲྭ་སྟོད་སྨད་ཀྱི་དགེ་བསྐོས་དབུ་མཛད། མཁན་པོ་སོགས་གནང་གྲུབ་རྗེས་རིམ་པས་ཤར་བྱང་གང་རུང་གི་ཆོས་རྗེ་དང་དེ་ནས་དགའ་ལྡན་གསེར་ཁྲིར་ཕེབས་དགོས་པ་ཡིན།
༢༠༠༨ ལོར་ལྷོ་ཕྱོགས་འབྲས་སྤུངས་ཆོས་སྡེ་སུ་ཆིབས་ཕེབས་སྐབས་དོལ་རྒྱལ་བསྟེན་སྲོལ་མཚམས་འཇོགས་བྱ་དགོས་སྐོར་བཀའ་ཕེབས་དོན་བཞིན། དགེ་འདུན་འདུས་པ་རྒྱ་མཚོས་བསྟན་སྲུང་ཆེན་མོ་འདོད་ཁམས་བདག་མོ་དཔལ་ལྡན་ལྷ་མོའི་སྤྱན་སྔར་དོལ་རྒྱལ་བསྟེན་གསོལ་དང་བསྟེན་མཁན་གང་ཟག་སུ་ལའང་ཆོས་དང་ཟང་ཟིང་གི་འབྲེལ་བ་ཙམ་ཡང་མི་བྱེད་པའི་ཁས་ལེན་དམ་བཅའ་གཙང་འབུལ་ཞུས་པ་དང༌། སླད་མའི་གྲྭ་རྒྱུན་གསར་ཞུགས་རྣམས་ཀྱིས་ཀྱང་གོང་གསལ་བཞིན་ཁས་ལེན་དམ་འབུལ་གཙང་ཞུ་བྱ་དགོས་པའི་སྒྲིག་གཞི་ཡང་གཏན་འབེབས་གནང༌།
རབ་བྱུང་ལོ་ཆུང་རྣམས་ཀྱི་ཆེད་དུ་སློབ་གྲྭ་གསར་འཛུགས་ཀྱིས་འཛིན་གྲྭ་དང་པོ་ནས་བརྒྱད་པ་བར་དང༌། སློབ་ཕྲུག་བརྒྱ་ཕྲག་ལྷག་གིས་བོད་ཀྱི་དབྱངས་གསལ་ནས་འགོ་འཛུགས་ཀྱིས་ཡི་གེ་སྦྱོར་ཀློག་འབྲི་གསུམ་དང༌། ཡིག་གཟུགས་ཆེ་ཆུང༌། སུམ་རྟགས་དག་གསུམ་དང་སྙན་ངག་རྒྱལ་རབས་ཆོས་འབྱུང༌། དབྱིན་ཡིག་ཨང་རྩིས་སོགས་དང་དགོན་པའི་འདོན་ཆོས་སྤྱོད་སྤྱི་དང་བསྡུས་གྲྭ་ཆུང་འབྲིང་ཆེ་གསུམ་ནས་བློ་རྟགས་སོགས་ཀྱིས་མཚོན་པའི་སློབ་ཚན་རྣམས་རྒྱུགས་སྤྲོད་ལེགས་གྲུབ་བྱུང་མཚམས། གྲྭ་ཚང་རིན་པོ་ཆེར་ཚོགས་ཞུགས་ཀྱིས་གཞུང་ཆེན་སྤྱི་ལ་ཐོས་བསམ་གནང་འགོ་འཛུགས་དགོས་པ་ཡིན།
གཞན་ད་དུང་གྲྭ་ཚང་འདིའི་ཁྱབ་ཁོངས་སུ་རྒྱལ་བའི་གསུང་རབ་སྤྱི་དང་འཇམ་མགོན་བླ་མ་ཡབ་སྲས། ལྷག་པར་གྲྭ་ཚང་འདི་ཉིད་ཀྱི་ཐུན་མོང་དང་ཐུན་མིན་ཡིག་ཆ་ཁག་དཔར་སྐྲུན་བྱ་ཡུལ་དཔེ་མཛོད་ཁང་གསར་འཛུགས་ཀྱིས་དཔེ་ཆ་དཔར་སྐྲུན་དང་འགྲེམས་སྤེལ། རྩ་ཆེའི་གསུང་རབ་ཁག་གི་དཔར་རྩ་གསར་སྒྲིག་གནང་བ་དང༌། གཞན་ལུགས་གཉིས་ཀྱི་སྨན་ཁང་གསར་འཛུགས་དང་དགེ་འདུན་པ་རྣམས་དང་བདག་མེད་སྐྱོ་བོའི་རིགས་ལ་རིན་མེད་སྨན་སྦྱིན་བྱེད་པ་དང༌། ཉེ་འཁོར་གྱི་ཞིང་གྲོང་དང་ས་གནས་ཡུལ་མི་རྣམས་ལའང་སྨན་རིན་ཕྱེད་བཅག་གིས་སྨན་བཅོས་བྱེད་པ། འཕྲོད་བསྟེན་དང་ཁོར་ཡུག་གཙང་བཟོ་སོགས་ལ་ཕན་རླབས་ངེས་ཅན་ཞིག་བསྒྲུབས་དང་ སྒྲུབ་བཞིན་པ་བཅས་ལོ་རྒྱུས་སྙིང་བསྡུས་སུ་བཀོད་པའོ། །
འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་བྱ་བ་རི་བོ་དགེ་ལྡན་པའི་མ་དགོན། བུ་དགོན་ཡང་དགོན་སྟོང་ཕྲག་དང་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བུ་ཁྲི་ཕྲག་གང་མང་ཞིག་བྱོན་མྱོང་བའི་ལོ་རྒྱུས་རྒྱས་པ་མཁྱེན་འདོད་ཡོད་རིགས་ནས་གནས་ཚུལ་ཞིབ་གསལ་དགོན་པའི་ལོ་རྒྱུས་རྒྱས་པ་གཞན་ལས་མཁྱེན་པར་བྱའོ། །

ང་ཡི་བླ་མ་བློ་བཟང་གྲགས་པ་དེ།།
དགའ་ལྡན་གནས་སུ་འཇམ་དཔལ་སྙིང་པོར་གྲགས།།
ཁ་བ་ཅན་དུ་བློ་བཟང་གྲགས་པའོ་དཔལ།།
རྒྱལ་སྲས་ཐུ་བོ་ཁྱོད་ལ་དུས་ཀུན་འདུད།།
ཅེས་ཀྱང་ཞུའོ།།

སྤྱི་ལོ་༢༠༠༩་ལོའི་སྤྱི་ཟླ་༡༢་པའི་ཚེས་༡༡་ཉིན་ཁ་བརྡ་དྲ་བར་སྤེལ་བ་དགེའོ།།

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག