༄༅། །གནས་མཆོག་ཀོའུ་བ་དགོན་པའི་ལོ་རྒྱུས་སྙིང་བསྡུས།

༡༽ ཀོའུ་བ་དགོན་པའི་མིང་གི་བྱུང་བ།
གནས་མཆོག་ཀོའུ་བ་དགོན་པ་ནི་ཀོའུ་བ་སྐུ་ཕྲེང་དང་པོ་གཞོན་ནུ་བྱང་ཆུབ་འོད་ཟེར་གྱིས་ཨན་ཆུང་གནམ་རྫོང་གི་སྒོམ་ཆེན་པ་མང་པོ་དང་ཧོར་མོག་ཁག་གི་བླ་དཔོན་དག་གིས་རམ་འདེགས་འོག མཚོ་སྔོན་ཁྲི་ཀ་འོག་མ་སྐར་མ་ཐང་དུ་རབ་བྱུང་དྲུག་པའི་དཀྱིལ༡༣༥༠ ཙམ་ལ་གསར་དུ་ཕྱག་བཏབས་པ་ཡིན་ལ། རྗེ་འདི་ཉིད་ཁྲི་ཀ་རྫོང་གི་ཨར་སྐོང་སྡེ་བའི་ཀོའུ་བ་ཟེར་བའི་ཚོ་བར་སྐུ་འཁྲུངས་པས། ཚོ་བའི་མིང་རྗེ་ལ་ཐོགས་ཤིང༌། རྗེ་ཉིད་ཀྱིས་ཕྱག་བཏབས་པའི་དགོན་པ་ལའང་ཀོའུ་བ་དགོན་ཞེས་མིང་ཐོགས་པ་ཡིན།
༢༽ ཀོའུ་བ་དགོན་པའི་བླ་སྤྲུལ་རིམ་བྱོན།
ཀོའུ་བ་སྐུ་ཕྲེང་དང་པོ་རྗེ་ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར་ནི་རབ་བྱུང་དྲུག་པའི་སྟོད་ཙམ་ལ་མདོ་སྨད་ཁྲི་ཀའི་ཨར་སྐོང་དུ་༡༣༠༠ ཡས་མས་ལ་སྐུ་འཁྲུངས་ཤིང༌། སྐུ་ཆུང་དུས་ནས་ཡི་གེ་འབྲི་ཀློག་ཐོགས་མེད་དུ་མཁྱེན། ས་སྐྱར་ཕེབས་ཏེ་ས་སྐྱ་པ་ཏཱ་དབོན་གཞོན་ནུ་སེང་གེ་ལས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་མིག་འབྲས་ལྟར་བརྩི་སྲུང་མཛད། ཏཱ་དབོན་གཞོན་ནུ་སེང་གེ་སོགས་བོད་དང་བལ་པོའི་མཁས་གྲུབ་ཆེན་པོ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་པའི་གནས་ལ་གསན་སྦྱོང་མཛད་དེ་མཁས་པའི་སྙན་པ་ཐོབ། འགག་ཟའི་ཡུལ་དུ་ཆུ་མེད་པས་རྗེ་འདིས་རྫུ་འཕྲུལ་གྱི་སྟོབས་གྱིས་གདལ་སྣེ་གྲམ་པའི་ཆུ་ཀླུང་རི་ཐང་མང་པོའི་འོག་ནས་འགག་ཡུལ་དུ་དྲངས་པས་ཀོའུ་བ་རི་འཕུག་པར་གྲགས། མཚན་སྙན་གྲགས་ཆེ་བས་ཧོར་མོག་ཁག་གི་བླ་དཔོན་གཉིས་ཀ་མཛད་རྒྱུའི་རེ་བ་ཞུས་པ་བཞིན་ཞལ་གྱིས་བཞེས། ཀོའུ་བ་དགོན་པ་ཕྱག་བཏབས། དེ་ནས་རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་བདུན་ལ་ཕེབས་སྐབས་༡༣༦༤ ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཁན་པོ་དང་ཀོའི་བ་གཞོན་ནུ་བྱང་ཆུབ་འོད་ཟེར་གྱིས་སློབ་དཔོན་མཛད་དེ་རབ་བྱུང་གི་སྡོམ་པ་ཕུལ།
རྗེ་འདི་བས་ཆོས་རྗེ་དོན་གྲུབ་རིན་ཆེན་ཡང་བླ་མར་བསྟེན་ཏེ་སྲས་ཀྱི་ཐུ་བོར་གྱུར། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བྱ་ཁྱུང་མཁན་རབས་དང་པོ་མཛད་དེ་སྐུ་འདས་རྗེས་ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར་གྱིས་གདན་ས་བསྐྱངས་པས་བྱ་ཁྱུང་དགོན་པའི་གདན་རབས་གཉིས་པ་ཡིན། མཐར་ལོ་བའི་བྲག་དཀར་དུ་སྐུ་འཇའ་ལུས་ལ་གྲུབ་པར་གྲགས་པ་ནི། རྗེ་ཀོའི་བ་སྐུ་ཕྲེང་དང་པོའི་རྣམ་ཐར་སྙིང་བསྡུས་ཙམ་དང༌།
དེ་ནས་རིམ་པར་ཀོའུ་བ་ཆོས་རྒྱ་མཚོ་དང་འཇམ་དབྱངས་དཔལ་ལྡན། བློ་བཟང་རྒྱལ་མཚན། དགེ་འདུན་ལྷུན་པོ། བློ་བཟང་ཆོས་ལྡན། ངག་དབང་བློ་བཟང་བསྟན་འཛིན། དགེ་འདུན་བསྟན་པ་དར་རྒྱས། བཤད་སྒྲུབ་རྒྱ་མཚོ། ད་ལྟའི་རྗེ་ཀོའུ་བ་བློ་བཟང་ཐུབ་བསྟན་དབང་ཕྱུག་དགུང་གྲངས་༦༡ བཅས་ད་བར་དུ་ཀོའུ་བ་སྐུ་ཕྲེང་བཅོ་བརྒྱད་བྱོན་པ་ལས་གོང་གསལ་མཚན་འཁོད་རྣམས་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཡིན་ལ། རྣམ་ཐར་གསལ་བར་ནི་གངས་ཅན་མཁས་དབང་རྣམས་ཀྱི་རྣམ་ཐར་ལས་ཤེས་པས་བྱའོ།།
༣༽ ཀོའུ་བ་དགོན་པའི་གནས་བབ།
དགོན་པ་འདི་ནི་ཐོགས་མར་ཀོའུ་བ་སྐུ་ཕྲེང་དང་པོ་གཞོན་ནུ་བྱང་ཆུབ་འོད་ཟེར་གྱིས་ཁྲི་ཀ་འོག་མ་སྐར་མ་ཐང་དུ་སྤྱི་ལོ་༡༣༥༠ ཡས་མསཙམ་ལ་གསར་དུ་ཕྱག་བཏབས་ཅིང་དེར་གཞིས་ཆགས། རབ་བྱུང་བཅུ་གཉིས་པའི་འགོ་སྟོད་ཙམ་ལ་ཚ་གན་ནོ་མོ་ཧན་ཞབས་དྲུང་དཀར་པོ་དང་ཀོའུ་བ་ནོ་མོ་ཧན་ཆོས་ཀྱི་རྒྱ་མཚོ་གཉིས་མངའ་རིས་ལ་མ་འཆམ་པས། སྟོད་ནས་སོག་དམག་གི་དཔུང་ཆེན་བཏེགས་ཏེ་དགོན་པ་ཐལ་བར་བརླགས་པས་གྲྭ་བཙུན་རྣམས་གནས་མ་ཐུབ་པར་ཡུལ་གྲུ་གང་སར་འཁྱམས། རབ་བྱུང་བཅུ་གཉིས་པའི་སྟོད༡༧༠༠ ཙམ་ལ་མཚོ་སྔོན་གཅན་ཚའི་ནུབ་ངོས་ད་ལྟའི་དགོན་གནས་འདིར་གནས་སྤོར་བ་ཡིན་ལ། དགོན་པའི་ས་ཆའི་རྒྱ་ཁྱོན་ལ་མུའུ་ཉིས་སྟོང་བཞི་བརྒྱ་ལྷག་དང་དགོན་པས་མུའུ་དགུ་བཅུ་ལྷག་ཟིན་ཡོད།
སྤྱིར་དགོན་པ་འདིར་འདུ་ཁང་དང་ལྷ་ཁང༌། བྱམས་ཁང༌། མགོན་ཁང༌། གསེར་གདུང་ཁང་ལྔ་ཐོག་ཅན། བཀའ་འགྱུར་ཁང༌། དཔེ་མཛོད་ཁང་དང་སྒོ་མང་བླ་བྲང༌། གྲྭ་ཤག་བརྒྱ་ལྷག་དང༌། གྲྭ་བཙུན་སུམ་བརྒྱ་ལྷག་བཅས་བཞུགས་ནའང༌། རིག་གསར་གྱི་རླུང་འཚུབ་དྲག་པོས་ཤུལ་མེད་དུ་བཏངས་ཤིང༌། བླ་མ་དང་གྲྭ་བཙུན་རྣམས་རང་ཡུལ་དུ་བདས། དགོན་ཤུལ་ཞང་སར་བསྒྱུར།
༡༩༨༠ ལོར་པན་ཆེན་རིན་པོ་ཆེ་གཅན་ཚར་ཕེབས་སྐབས་དགོན་པ་འདིའི་ཆོས་སྒོ་འབྱེད་པའི་ཆོག་མཆན་ཐོབ་སྟེ་༡༩༨༡ ལོར། བཀའ་དྲིན་ཅན་གྱི་གྲྭ་རྒན་རེ་འགའ་ལྷག་ཡོད་པ་ཚོས་སྐྱར་དུ་དགོན་པ་འཛུགས་སྐྲུན་དང་གྲྭ་བཙུན་གསར་བསྡུ་མཛད་དེ་ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེས། དགོན་པའི་གྲྭ་རྒན་གཞོན་དང་དད་ལྡན་མི་མང་གིས་དཀའ་སྤྱད་འབད་བརྩོན་གྱིས། དེང་སྐབས་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོ་སྔར་བཞིན་དང་ལྷ་ཁང་ཁ་གང་མ་ཉེར་ལྔ་ཅན། སྒར་བའི་ཚོམས་ཆེན་དུ་མཆོད་ཁང་བཀྲ་ཤིས་རྣམ་རྒྱལ་དང༌། མགོན་ཁང༌། གཟིམ་ཆུང་བཅས་དང༌། ནང་རྟེན་གཙོ་བོ་ཀོའི་བ་ཆོས་རྒྱ་མཚོ་དང་དགེ་འདུན་བསྟན་པ་དར་རྒྱས། བཤད་སྒྲུབ་རྒྱ་མཚོ་བཅས་ཀྱི་གདུང་རུས་བྱས་ཏེ་བཞེངས་པའི་སྐུ་གདུང་མཆོད་རྟེན་གསེར་དངུལ་གཡུ་བྱུར་གྱིས་བརྒྱན་པ། པན་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་ཤངས་ཁྲག་གིས་བཞེངས་པའི་མགོན་པོ་ཕྱག་དྲུག་པའི་ཞལ་ཐང༌། ཐུབ་དབང་གཙོ་འཁོར་གསུམ་པའི་སྐུ་གཅིག བཀའ་གདམས་མཆོད་རྟེན། སངས་རྒྱས་ཀྱི་ཞབས་རྗེས་སོགས་དང། ལྷ་ས་ནས་བླུས་པའི་བཀའ་འགྱུར་ཚར་གཉིས་དང་བསྟན་འགྱུར་ཚར་གཅིག རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ་སོགས་དང༌། ཚད་མའི་གཞུང་གི་སྐོར་དང་ཁྱད་པར་དུ་ཀོའུ་བ་ཆོས་རྒྱ་མཚོ་དང་ཀོའུ་བ་བཤད་སྒྲུབ་རྒྱ་མཚོའི་གསུང་ཐོར་བུ་སོགས་ཀྱི་ནང་རྟེན་དང༌། གྲྭ་ཤག་དྲུག་བཅུ་རེ་བཞི་ལ་གྲྭ་བ་ཞལ་གྲངས་བརྒྱ་ཙམ་བཞུགས་པ་རྣམས་ནི་ཕམ་བཞི་ཆང་སོགས་དང༌། མཐོང་ཐོས་དོག་གསུམ་གྱིས་མ་གོས་པ། ཕྱོགས་གཞན་ནས་གནས་དབྱུང་བྱས་པ་མ་ཡིན་པ། བསླབ་པ་སློབ་གཉེར་ཁོ་ན་དོན་དུ་གཉེར་མཁན་བྱ་ཉུང་དོན་ཉུང་ཅན་ཤ་སྟག་གོ།
༤༽ དགོན་པའི་བསླབ་པ་སློབ་གཉེར།
དགོན་པ་འདི་ཕྱག་འདེབས་མཛད་མཁན་གཞོན་ནུ་བྱང་ཆུབ་འོད་ཟེར་ཞབས་ཀྱིས་ས་སྐྱ་ནས་དཔེ་གཟིགས་མཛད་པས་དགོན་པ་ཡང་ས་སྐྱ་པའི་གྲུབ་མཐར་གཏོགས་ཅིང༌། ཕྱིས་སུ་དགེ་ལུགས་པར་འགྱུར་བ་རེད། དགོན་པ་འདིར་རྒྱུད་པ་གྲྭ་ཚང་དང་ཐོས་བསམ་གླིང༌། སྨན་པ་གྲྭ་ཚང་སོགས་ཡོད་ལ། རྒྱུད་པ་གྲྭ་ཚང་གི་ཕྱག་སྲོལ་ཏེ་འདོན་རྟ་དབྱངས་དང་ཆོ་ག་ཕྱག་ལེན། ཐིག་རྡུལ་མཚོན། འབུད་བརྡུང་དཀྲོལ་གསུམ་གྱི་ལག་ལེན་རྣམས་མདོ་སྨད་ར་རྒྱ་དགོན་དང་ཁྱད་པར་མི་འདུག ཐོས་བསམ་གླིང་གི་འགྲོ་སྟངས་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱག་སྲོལ་ལྟར་ཁ་དོག་དཀར་དམར་ནས་བཀའ་རམས་འཛིན་གྲྭ་བར་འཛིན་གྲྭ་བཅུ་གསུམ་ཡོད། ༡༩༢༧ལོར་དགོན་པ་འདིར་མཚན་ཉིད་གསར་དུ་བཙུགས་པ་ནས་གྲྭ་ཚོགས་འཕེལ་རྒྱས་བྱུང་སྟེ་གྲྭ་བཙུན་སུམ་བརྒྱ་སུམ་ཅུ་ཙམ་དུའང་འཕེལ་མྱོང༌།
སྤྱིར་དགོན་པ་འདིའི་གྲྭ་རིགས་རེ་འགའ་སྔ་མོ་ནས་བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་དཔེ་གཟིགས་མཛད་རྗེས་ཕྱིར་ཡོང་ནས་དགེ་ཕྲུག་སྐྱོང་བའི་ལུགས་སྲོལ་མེད་པ་འདྲ་ནའང༌། ༡༩༢༧ལོར་བཤད་གྲྭ་བཙུགས་པ་ནས་བཟུང་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་ལ་ཕྱིན་ཏེ་མཁས་པའི་དབང་པོར་གྱུར་བ་དགེ་བཤེས་དར་རྒྱས་དང་བློ་བཟང་དཔལ་འབྱོལ། ངེས་པ་དོན་གྱི་བཤེས་གཉེན་མཚོ་བྱུང་འཇམ་དབྱངས་གྲགས་པ་བཅས་དང༌།
ཡང་དར་བསྟན་པའི་སྐབས་སུ་དགེ་བའི་བཤེས་གཉེན་ཆེན་མོ་གཡག་གི་བསྟན་རྒྱས། སྔོ་སྐྱའི་བསྟན་འཛིན་དང་ལེགས་བཤད། དགེ་འདུན་དར་རྒྱས། འཇམ་དབྱངས་བསྟན་འཛིན་བཅས་བྱོན་མྱོང་ལ། ད་ལྟར་བཞུགས་པ་ནི་རྡོ་རིང་བསྟན་རྒྱས་ཆུང་བ་དང་ཀོའུ་བ་བརྩོན་འགྲུས་གཙོ་བྱས་གྲྭ་རྒན་གཞོན་རྣམས་ཀྱིས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དགོན་པ་འདིའི་ཆོས་འཆད་ཉན་ཕྱོགས་ལ་ཉིན་མཚན་དུས་དྲུག་ཏུ་བརྩོན་དང་བརྩོན་མུས་ཡིན་པ་མ་ཟད། བླ་བྲང་བཀྲ་ཤིས་འཁྱིལ་དང་སྐུ་འབུམ་དགོན་པ། ལྷག་པར་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་ལྷ་རིམས་སྔགས་རིམས་དང་བཅས་པའི་བསླབ་པ་མཐར་སོན་གནང་བའི་དགེ་བའི་བཤེས་གཉེན་རྡོ་རིང་བ་བསྐལ་བཟང་དགེ་འདུན་ཞབས་གཙོ་བྱས་མཐོ་བ་དགེ་བཤེས་ལྷ་རམས་པ་ནས་དམའ་བ་བསྡུས་གྲྭ་ཁ་དོག་དཀར་དམར་བར་དུ་རང་དགོན་འདིའི་གྲྭ་རིགས་གང་མང་ཞིག་གིས་སློབ་གཉེར་བྱེད་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།

Comments

  1. འདི་ལ་ད་དུང་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་སྣོན་འཕྲི་ཞིག་ཅིས་ཀྱང་བྱ་དགོས་སྙམ།

    ReplyDelete

Post a Comment

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག