གྲོང་ཁྱེར་མ་རྡོ་རེ་ཡའི་མཐོང་ཐོས། (༡)

དེ་རིང་ནམ་སྟོད་དུས་ཚོད་གསུམ་དང་ཕྱེད་ཡོལ་ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་མཐའ་གྲོང་ཁྱེར་ཁན་ཡ་ཀུ་མ་རི་ཟེར་བ་ནས་ནུབ་ཕྱོགས་སུ་རྒྱང་ཁྱད་སྤྱི་ལེ་༡༨༠ ཙམ་ན་ཡོད་པའི་གྲོང་ཁྱེར་མ་རྡོ་རེ་ཡ་ཟེར་བར་འབྱོར་བྱུང་། མེ་འཁོར་འབབ་ཚིགས་ནས་གོམ་པ་བདུན་བརྒྱ་ཙམ་གྱི་སར་འགྲུལ་ཁང་སྟབས་བདེ་ཞིག་བཙལ། དུས་ཚོད་ཉེར་བཞི་ལ་ཧིན་སྒོར་༥༠༠ རེ་རེད་འདུག ཁང་པ་ཐོག་བརྩེགས་དྲུག་པའི་ནུབ་ངོས་རེད། ཉལ་ཁྲི་ཆེ་བ་གཅིག་དང་གསང་སྤྱོད་ཁྲུས་ཁང་རང་འགྲིག གཙང་ཞིང་དག་ལ་ཆེ་ཆུང་ཡང་རན་ཙམ་རེད། ཁང་བའི་ཐོག་ཁ ནས་བལྟས་ན་གྲོང་ཁྱེར་མ་རྡོ་རེ་ཡའི་ནང་གི་ཧིན་དྷུ་ལྷ་ཁང་ཆེ་ཤོས་དང་གྲགས་ཅན་ཤྲི་མ་ནེག་ཤི་ཟེར་བ་དེའི་སྟོད་ཕྱེད་ཙམ་ཡང་མཇལ་ཐུབ་པས་ས་གནས་འདིར་སྙེགས་ནས་འོང་བའི་དོན་སྙིང་ལྡན་སོང་སྙམ།

ང་ས་གནས་གང་དུ་འབྱོར་ཡང་ཐོག་མར་སྡོན་གནས་འགྲུལ་ཁང་འཚོལ་བ་དང་། དེ་ནས་གཟུགས་པོ་ཁྲུས། ངལ་གསོ་ཅུང་ཙམ་བྱས་རྗེས་རྗེས་མའི་གནས་སྐོར་བྱ་ཡུལ་གྱི་མེ་འཁོར་དང་རླངས་འཁོར་སྤ་སེ་རེག་ཐབས་བྱེད་ཀི་ཡོད། དེ་རིང་ཡང་ནམ་རྒྱུན་བཞིན་གཟུགས་པོ་ཁྲས་རྗེས་མེ་འཁོར་འབབ་ཚིགས་སུ་སོང་སྟེ་གནངས་ཉིན་འགྲོ་བའི་གནས་གལ་ཆེན་ར་མེ་སི་ཝ་རའི་མེ་འཁོར་སྤ་སེ་ཉོས་པ་ཡིན། ད་དུང་ར་མེ་སི་ཝ་ར་ནས་གྱོང་ཁྱེར་ཆེན་པོ་ཅན་ནའེ་དང་དེ་ནས་ནུབ་ཕྱོགས་ལྡི་ལིའི་མེ་འཁོར་སྤ་སེ་ཡང་སྟབས་གཅིག་ལ་ཉོས་པ་ཡིན།

(གྲོང་ཁྱེར་མ་རྡོ་རེ་ཡའི་ས་ཁྲ།)

ཕྱིར་ཡོང་བའི་ལམ་དུ་ཞོགས་པ་དང་གུང་ཟས་གཅིག་ལྕོག་མཉམ་དུ་ཟོས། དེ་ནས་གྲོང་ཁྱེར་གྱི་སྲང་ལམ་ཁག་ཉུལ་བ་ཡིན།

དེ་རིང་སྲང་ལམ་ཉུལ་སྐབས་ཟས་རིགས་དང་གྱོན་ཆས་ཚོང་ཁང་། དཔེ་ཆ་དང་གློག་བརྙན་འོད་སྡེར་ཚོང་ཁང་སོགས་གང་མང་ཉུལ་བ་ཡིན། དེའི་ནང་ནས་ཤུགས་རྐྱེན་ནམ་བཤད་འདོད་པ་གཉིས་གསུམ་ཞིག་བྱུང་སོང་བ་དེའི་དེ་དག་རེ་རེ་ནས་ངོ་སྤྲོད་ཀྱི་ངལ་བ་བསྟེན་ན།

ཐོག་མར་དཔེ་ཚོང་ཁང་གསུམ་བཞི་ཙམ་ཞིག་ལ་སོང་བ་ཡིན། སྤྱིར་རྒྱ་གར་ནི་སྐད་དང་ཡིག་རིགས། རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སྣ་མང་ཅན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཁར། དེ་དག་ལ་གཞུང་སྒེར་གང་ཐད་ནས་སྲུང་སྐྱོབ་དང་གུས་བརྩི་བྱེད་ཤེས་པའི་རྒྱལ་ཁབ་གུ་ཡངས་པོ་ཞིག་ཡིན། ད་ལྟ་ང་ཡོད་སའི་མངའ་སྡེ་རྟ་མི་སྣ་ཏོ་ཤེས་པ་འདི་ཡང་དེའི་གྲོས་ཀྱི་གཅིག་སྟེ། རང་གི་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་གཏན་ནས་མི་གཅིག་པ་ཞིག་གམ། ལོགས་སུ་ཡོད་ཁེར། རྒྱ་གར་ནང་གི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་ཉེར་ཚགས་ལ་འབུར་ཐོན་ཅན་གྱི་མངའ་སྡེ་ཞིག་རེད། དེ་བས་ཕྱི་རྒྱལ་ཡུལ་སྐོར་བ་དང་རྒྱ་གར་ནང་ཁུལ་དའང་མངའ་སྡེ་འདི་ནི་དམིགས་བསལ་གྱི་ཕྱོགས་གང་ཐད་ནས་ཕྱུག་པོ་ཞིག་ལ་བརྩི།

ཨོ་རེད། ད་དཔེ་ཚོང་ཁང་དེ་ནས་བཤད་མགོ་རྩོམ།

(གྲོང་ཁྱེར་མ་རྡོ་རེ་ཡའི་སྲང་ལམ་གྱི་སྣེ་ཞིག)

དཔེ་ཚོང་གསུམ་བཞི་ཞིག་ཉུལ་བ་དེ་དག་ལ་གཅུག་མཚུངས་ཀྱི་ཁྱད་ཆོས་ཞིག་ཡོད་པ་ནི། མི་སུ་ནང་དུ་སོང་ཡང་རང་གི་རྒྱབ་ཁུག་དང་ཅ་དངོས་དག་སྒོ་འགྲམ་ནས་སྒམ་ཆུང་ཞིག་ཏུ་འཇོག་དགོས་ལ། ནང་དུ་དཔེ་སྒྲོམ་དག་གི་འགྲམ་དུ་ཤིང་གི་རྐུབ་སྟེགས་ཤིང་པོ་གད་བཞག་འདུག་ལ། དཔེ་དེབ་ཉོ་མཁན་དང་ལྟ་མཁན་ཚོས་རང་གི་ཉོ་འདོད་པ་མི་འདོད་པའི་དཔེ་ཆ་དག་གི་ནང་སྙིང་བསྡུས་རེ་ལྟ་ཀློག་བྱས་ཆོག་གི་འདུག དཔེ་ཚོང་དེ་དག་ཏུ་རྒྱལ་ཁབ་འདྲ་མིན་གྱི་མི་སྣ་གྲགས་ཅན་དང་རྩོམ་པ་པོ། མཚན་ཉིད་རིག་པ་བ་དང་ཆབ་སྲིད་པ་སོགས་ཀྱི་དཔེ་དེབ་སྣ་ཚོགས་དབྱིན་ཡིག་ཏུ་འདུག་པ་ནི་དཔེར་ན། རྒྱ་གར་གྱི་བསམ་བློ་དང་ཆབ་སྲིད་དབུ་ཁྲིད། འཚེ་མེད་ཞི་བའི་ངང་ནས་རང་བཙན་རྩོན་ལེན་པ་གྷན་དྷིའི་དེཔ་དེབ་འགའ་དང་། ལྷོ་ཨ་ཧྥི་རི་ཀའི་ནན་སན་མན་ད་ལའི་དཔེ་དེབ། ཨ་རའི་སྲིད་འཛིན་ཨོ་བྷ་མའི་དཔེ་ཆ། རྒྱ་གར་གྱི་སྙན་ངག་པ་ཆེན་མོ་ཐྲེ་ཀོར་གྱི་དཔེ་དེབ་སྣ་ཚོགས། ཕ་ཀི་སི་ཐྲན་གྱི་སྲིད་འཛིན་མོ་ཤི་ར་ཧྥུའི་དཔེ་ཆ། རྒྱ་གར་ལྷོ་ཕྱོགས་རྟ་མི་སྣ་ཏོ་ཡི་མཚན་ཉིད་རིག་པ་བ་བེ་ཝེ་ཁ་ནན་ད་(Vive kananda )ཡི་མཚན་ཉིད་རིག་པ་དང་ཡོ་གྷ་སྟེ་སྒོམ་གྱི་སྐོར། དེ་མིན་གྱི་ཁོང་གི་དེབ་སྣ་ཚོགས།(མི་འདིའི་སྐོར་གཞན་དུ་བཤད་འདོད།) སྲིད་བློན་ནེ་ཧ་རུའི་དཔེ་ཆ། རྒྱ་གར་ལྷོ་ཕྱོགས་ཀྱི་མ་སྣ་གྲགས་ཅན་ལྷོ་ཕྱོགས་ཀྱི་མ་ཧ་དི་མ་ཧ་གྷན་དྷེ་ཞེས་གྲགས་པའི་ཆབ་སྲིད་པ་ཁ་མ་ར་ཇི་(Kamaraj )ཡི་དཔེ་དེབ་འགའ་རེ།(མི་འདིའི་སྐོར་གཞན་དུ་འཆད་པར་བྱ།) ལེ་ཉིན་གྱི་དཔེ་ཆ། དབྱིན་ཇིའི་སྙན་ངག་པ་ཤཀ་སི་ཕེར་གྱི་དཔེ་ཆ། ༸གོང་ས་རྒྱལ་དབང་བཅི་བཞི་པ་མཆོག་གི་དཔེ་ཆ་རེ་གཉིས། ཨ་མ་ཐྲད་རེ་ས་ཡི་དཔེ་ཆ། ཨ་རིའི་མི་རིགས་ནག་པོའི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་མ་དྷར་ལོ་ཐུར་ཁིན་གྱི་དཔེ་ཆ་སོགས་མི་སྣ་གྲགས་ཅན་མང་པོ་དང་། གཞན་ཡང་ཕྱི་རྒྱལ་དང་རྒྱ་གར་གྱི་རྩོམ་པ་པོ་དག་གི་དཔེ་དེབ་སྣ་ཚོགས་འབུམ་ཕྲག་བརྩིགས་འདུག་པས་དཔེ་མཛོད་ཁང་ཆེན་པོ་གཉིས་དང་འབྲིང་ཙམ་གཅིག ཆུང་པ་གཅིག་བཅས་པ་སོང་བ་ཡིན་ལ། ངའི་དབྱིན་ཡིག་གི་ཆུ་ཚད་དམའ་བས་དཔེ་དེབ་དེ་དག་ཉོ་ཐུབ་ཀྱང་ཀློག་ཐུབ་པའི་གདེངས་ཚོད་ང་ལ་མེད་པས་དཔེ་ཆ་གཅིག་ཀྱང་ཉོས་མེད།

(གྲོང་ཁྱེར་མ་རྡོ་ར་ཡའི་ལྷ་ཁང་ཆེ་ཤོས་དང་གྲགས་ཅན་ཤྲི་མ་ནེག་ཤི་ Meenakshi Temple)

དེ་ནས་གློག་བརྙན་ཀྱི་འོད་སྡེར་སྣ་ཚོགས་ཚང་ཁང་གཉིས་ལ་སོང་བ་ཡིན། སྤྱིར་གྲོང་ཁྱེར་འདིའམ་སྲང་ལམ་འདི་ན་གློག་བརྙན་འོད་སྡེར་ཚོང་ཁང་ཆེ་ཆུང་གྲངས་མི་འདུག་ཟེར་ན་ཆོག་གི ང་ཚོང་ཁང་གཉིས་ཀྱི་ནང་དུ་སོང་བ་ཡིན། གློག་བརྙན་འོད་སྡེར་༡༥ ཉོས་པ་རེ་རེར་ཧིན་སྒོར་༢༠ རེ་སྤྲད་པ་ཡིན། གོང་ཁེ་པོ་རེད་དམ།

གློག་བརྙན་མང་ཆེ་པ་ཨ་རིའི་ཧོ་ལེ་ཝོ་ཌི་དང་རྒྱ་གར་གྱི་བྷོ་ལེ་ཝོ་ཌིའི་གློག་བརྙན་རེད་འདུག་མོད། ངས་རྒྱ་གར་གྱི་གློག་བརྙན་གྲགས་ཅན་(3 idiots སྨོན་པ་གསུམ།)་གཙོས་པའི་Kandahr,The Guns of Nauarone ,Little Budha,Lion of the Desert,2022 tsunami,Inception,the last emperor སོགས་༡༥་ཉོས་པ་ཡིན། གློག་བརྙན་འདི་ཚོར་གཟིགས་འདོད་ན་ང་ལས་གཡར་བོ་བྱས་ཆོག

ད་བཤད་འདོད་པའམ་གཙོ་བོ་རྒྱལ་བ་དེ་བཤད་ན། རྟ་མི་སྣ་ཏོ་ཞེས་པ་མི་རིགས་ཤིག་རེད་པས་མི་གྲངས་ཅི་ཙམ་ཡོད་མེད་ངའི་གསལ་བོ་མི་ཤེས་མོད།(ཡིག་ཆ་རེག་ན་ཁ་སོན་བྱ་ངེས།)སྐད་ཡིག་གི་ཤིག་ཚད་ནི་ང་ཚོ་བོད་ཡིན་ལས་སྤྱོད་སྒོའམ་ཁབ་ཚད་ལས་རིང་དུ་བརྒལ་འདུག་པར་བདག་སྙམ་སྟེ། གོང་དུ་བཤད་པའི་དཔེ་དེ་དག་དབྱིན་ཡིག་ཏུ་འདུག་པ་ལས་གཞན་རྟ་མིན་ཞེས་པའི་ཁོང་ཚོའི་ཡི་གེར་ཡང་བསྒྱུར་ནས་དཔེ་ཆ་པར་སྐྲུན་བྱས་འདུག ད་དུང་གོང་བཀོད་དཔེ་ཆ་དག་ལས་འགའ་རེ་ནི་རྟ་མིན་པའི་རྩོམ་པ་པོའམ་མཁས་པས་བྲིས་པ་རེད་ཅེས་དཔེ་ཚོང་བས་དབྱིན་སྐད་ལས་འགྲེལ་བཤད་གནང་སོང་།(མ་གཞི་རྟ་མིན་པ་ཚོས་དབྱིན་སྐད་མི་ཤེས་ཁར་ཧིན་སྐད་ཀྱང་ཤེས་མཁན་སྤྱིའི་ཆ་ནས་ཉུང་ཉུང་ཡིན་པར་སྣང་།)

དཔེ་ཚོང་ཀང་དེ་དག་ན་མཁས་པའི་གློག་རྒྱུ་དང་བྱིས་པས་ལྟ་རྒྱུ་སོགས་རབས་འབྲིས་ཐ་གསུམ་གྱི་དཔེ་དེབ་འདུག་ལ། ཐ་ན་བྱིས་པའི་རི་མོ་སྦྱོང་དེབ་ཁ་མཐོང་བརྙན་རིས་ཀྱི་དཔེ་དེབ་ཀྱང་རྣམ་གྲངས་མི་ཟིན་ཙམ་འདུག་པས། རང་རེ་བོད་ཡིག་ཀློག་མཁན་དག་རྒྱ་དར་གཞོན་བྱིས་ཚོར་ཡང་འདི་འདྲའི་སྐལ་བ་རེ་ལྡན་ན་སྙམ་པ་བྱུང་།

(གྲོང་ཁྱེར་མ་རྡོ་ར་ཡའི་ས་ཁྲ།)


གློག་བརྙན་དེ་དག་ལས་གྲངས་ཕྱེད་དབྱིན་སྐད་དང་ཧིན་སྐད་ཡིན་ལ། ཕྱད་ཙམ་ནི་རྟ་མིན་གྱི་སྐད་རེད་འདུག གོང་དུ་གྲངས་གློག་བརྙན་དེ་དག་དང་གཞན་གློག་བརྙན་གྲངས་བརྒྱ་ཕྲག་མང་པོ་རྟ་མིན་གྱི་རང་སྐད་ཡིག་ཏུ་བསྒྱུར་འདུག་ཁར། ཚོང་རའི་རིན་གོང་ཡང་ཆུང་ཙམ་འདུག་པ་འདིས་རང་མི་རིགས་སམ་རྟ་མིན་པ་ཚོའི་སློབ་གསོ་དང་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་ཞབས་ཞུ་རླབས་ཆེན་རེ་ཞུ་བཞིན་འདུག་ཨང་སྙམ་ལ། རྟ་མིན་གྱི་ལོ་ཙཱ་དག་གི་མཛས་རྗེས་མི་དེང་གི་ང་ཚོ་བོད་མི་རིགས་ལས་བརྡབ་ཀྱིས་བརྒལ་འདུག་སྙམ་པའང་བྱུང་།

ད་ཁག་དང་པོ་དེ་འདི་ཙམ་གྱིས་མཇུག་བསྡུ། གྲོང་ཁྱེར་གནས་མཇལ་ཅི་བྱས་སོགས་ཀྱི་སྐོར་ཁག་གཉིས་པ་དགོད་པར་འབད་བརྩོན་བྱའོ།།


ཞེས་ཡུལ་འཁྱར་བ་གཅན་བཟོད་རྒྱམ་པས་རྒྱ་གར་ལྷོ་ཕྱོགས་ཀྱི་མཐའི་གྲོང་ཁྱེར་རྟ་མི་སྣ་ཏོ་ནས་སྤྱི་ལོ་༢༠༡༡ ཟླ་༢ ཚེས་༡༤ ཕྱི་དྲོར་རང་གནས་འགྲུལ་ཁང་དུ་རོབ་ཙམ་བྲིས་ཏེ་སྤེལ།

ཞུ་དག་བྱེད་ཁོམ་མི་འདུག་པས་དགོངས་དག་ཞུ།

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག