དྲང་སྲོང་རེཤའི་གནས་སུ་ལྟ་སྐོར་བྱས་པའི་མཐོང་ཐོས་མྱོང་གསུམ་རེགས་གླེང་།

________ངའི་བཞུད་ལམ་དུ། ༼ཁག་ལྔ་བ།༽

དོ་དགོང་ང་ཡོད་ས་འདི་ནི་རྒྱ་གར་གྱི་གྲོང་རྡལ་རེཤ་ཥེཤ་ཞེས་པ་མི་སྟེགས་ཕྱི་རོལ་གཅེར་བུ་བ་དང་ཧིན་དྷུའི་ས་ཏྭ་མང་ཞིང་། དེང་གི་འཛམ་གྲིང་ཤར་ནུབ་ཀྱི་སྐྱེ་བོ་ཀུན་གྱི་དང་དོད་བྱེད་བཞིན་པའི་ཡོ་ག་"Yoga"༼འདི་ལ་ཚིག་དོན་གྱི་འགྲེལ་བ་ངོ་མཚར་བ་རེ་འདུག་པ་གཞན་དུ་འཆད་༽ཞེས་པའི་ལུས་སྦྱོང་མཁས་པ་དགེ་རྒན་དང་མང་པའི་གནས་ཞིག་ཡིན་ལ། གྲོང་ཁྱེར་རྡེ་ར་རྡུན་གྱི་ཤར་ལྷོའི་ཕྱོགས་སྤྱེ་ལེ་༤༣་ཙམ་གྱི་སར་འདུག ངས་ཐོག་མར་ས་གནས་འདིའི་མིང་གི་ཐོག་ཚུལ་དང་དེའི་འགྲེལ་ཙམ་བྱས་ན།

རེཤ་ནི་ Reshi ༼ऋषि༽དྲང་སྲོང་སྤྱིའམ་བྱེ་བྲག་པ་ཞིག་གི་མིང་དང་། ཡང་ན་དབང་ཕྱུག་གི་མིང་གི་རྣམ་གྲངས་སུའང་འདོད་ཅིང་། ཥེཤ་kash༼केश༽ཞེས་པ་ནི་སྐྲ་སྟེ་དབུ་སྐྲ་ལ་འཇུག་ཅིང་། དྲང་སྲོང་རལ་བའམ་ཡང་ན་དབང་ཕྱུག་གི་རལ་བ་ཞེས་པ་མིན་ནམ་ཡང་སྙམ་སྟེ། གངྒཱ་ཞི་བའི་རལ་བ་ལས་བྱུང་བའི་གཏམ་རྒྱུད་ང་ཚོ་ལས་ཀྱང་ཆེས་ཆེར་སྙན་ཞིང་ཡ་མཚན་པའི་བཤད་རྒྱུན་འདུག་ཅིང་། འདི་ནས་ཐག་མི་རིང་བའི་ས་ན་ཁོང་ཚོའི་བཤད་ཀྱིན་པའི་གངྒཱའི་འགོ་ཁུངས་སྟེ་gangotri ཡང་འདུག་པས་རེ་ཞིག་འདི་ལྟར་འགྲེལ་བར་བྱ།
རེཤ་ཁེཤ་ཞེས་པའི་གནས་འདི་ནི་ལུང་པ་ཁ་ཞིང་ཅུང་ཆེ་ལ་སྦུགས་དོགས་པ་དང་མདོ་ཡངས་པ་གཡས་གཡོན་གཉིས་ན་རི་རྒྱུད་ཅུང་མཐོ་ལ་རིང་པ། ནགས་དང་ལྗོན་ཤིང་གིས་ཚང་ཚིང་སྟུག་པས་བྲག་རི་དང་ས་རྡོ་མཐོང་དུ་མེད་ཅིང་དབྱར་ཁ་ནི་ཅི་འདྲའི་སྐྱིད་ས་ཞིག་ཡིན་ཨང་སྙམ་པའི་ཚོར་བ་སྟེར།
ལུང་པའི་དཀྱིལ་དབུས་ནས་དྭངས་ཤིང་བསིལ་ལ་གཙང་ཞིང་དཀྱེལ་ཆེ་བའི་ཆུ་བོ་གངྒཱ་ལྷོད་ཤུག་གེར་སྒྲ་མེད་འགུལ་མེད་དུ་བཞུང་གྱིན་འདུག་ལ། གངྒཱའི་གཡས་གཡོན་གཉིས་ནི་རྡོ་ཀ་མ་རི་བ་དམར་པོ་སྒོ་ལེབ་འདྲ་བ་མང་པོས་སྐས་ཐེམ་རིམ་པ་བཅུ་ནས་བཅོ་ལྔ་ཙམ་དཔག་ཚང་འགའ་ལོང་བའི་སར་བཟོས་ལེགས་ཤིང་། རྡོ་སྐས་རིམ་པ་གཉིས་ཙམ་ཆུ་ནང་དུ་མར་བསྲིངས་ནས་འདུག་ལ་ཆུ་ཁ་ནས་ཡར་སྐས་རིམ་གཉིས་ཙམ་ན་ལྕགས་ཀྱི་ཀ་བ་དཔུང་བའི་སྤོམ་ཕྲ་ཅན་མི་གཟུགས་ཙམ་རེ་གོམ་པ་ལྔ་རེའི་ས་ན་འདུག་པ། སྐེད་དུ་འབྲོག་ཁྱི་འདོགས་པའི་ལྕགས་ཐག་འདྲ་བ་འདོམ་བཞི་ལྔ་ཙམ་རེ་ཆུ་ནང་དུ་དཔྱངས་འདུག་པ་གངྒཱར་ཁྲིས་བྱེད་སྐབས་ལག་པས་འཇུ་ས་ཁོ་ནའི་ཆེད་དུ་རེད་འདུག
ང་འདུག་སའི་ཐག་ཉེ་འདི་ན་གངྒཱར་ཟམ་པ་བཞི་འདུག་པའི་གཉིས་ནི་རྣོ་སྐུད་ཕྲ་མོ་བསླེས་མའི་ལྕགས་ཟམ་ཆེན་པོ་ངོ་མཚར་ཆེ་དེ་གཉིས་རེད། གཅིག་ལ་རམ་འཇོ་ལ་དང་གཞན་དེར་ལེག་ཤི་མེ་འཇོ་ལ་ཟེར། རམ་དང་ལེག་ཤི་མེ་ནི་རྒྱ་གར་བའི་ལྷ་གཉིས་ཀྱི་མཚན་དང་འཇོ་ལ་ནི་ཟམ་པའི་སྐད་དོད་ཡིན་སྐད། ལྕགས་ཟམ་ཆེན་པོ་དེ་གཉིས་ཀྱི་དབར་དུ་ཧ་ལམ་སྤྱི་ལེ་གཅིག་ལྷག་ཙམ་འདུག་ཅིང་སྦག་སྦག་རེ་ཟུང་དང་མི་ཁོ་ན་ལས་གཞན་པའི་འཕྲུལ་འཁོར་རིགས་གཏན་ནས་འགྲོ་ཆོག་གི་མི་འདུག་ལ། སྤྱིར་ལྕགས་ཟམ་འདིའི་སྟེང་ནས་འགྲོ་བའི་མི་མཚམས་ཆད་མེད་ནའང་ཞོགས་པའི་དུས་ཚོད་ལྔ་བ་ཙམ་ནས་མི་ཚོགས་ཀྱི་འཁྲུག་ཆ་དོད་དུ་འགྲོ་བ་དང་རིམ་གྱིས་འཚང་ཁ་ཤིག་ཤིག་གིས་མཚན་མོ་ས་མ་རུབ་བར་དུ་མི་ཡིས་མི་དེད་ཅིང་འཁུར་བ་ལྟར་ཟམ་སྟེང་ནས་ཕར་འགྲོ་ཚུར་འོང་བྱེད་ཅིང་། ལྕགས་ཟམ་ཡང་ཚ་བོ་ཆགས་ནས་གང་སར་ལག་པས་འཇུ་མི་ནུས་པའི་ཚད་དེ་མཚན་གྱི་དུས་ཚོད་བཅུ་གཅིག་ནས་བཅུ་གཉིས་ཙམ་ལ་གཞི་ནས་མི་ཚོགས་ཀྱིས་འགྲུལ་བཞུད་ཀྱང་ཇེ་ཉུང་དུ་འགྲོ་བ་དང་། ལྕགས་ཟམ་གྱི་ཚ་དྲོད་ཀྱང་རིམ་གྱིས་མར་འཇགས་འགོ་འཛུགས་ཐུབ། ལྕགས་ཟམ་དེའི་སྣེ་གཉིས་སུ་ཉེན་རྟོག་ལས་བྱེད་པས་ཉིན་མཚན་ཐོག་ཐག་ཏུ་ཉེན་སྲུང་བྱེད་ཅིང་དོགས་པ་ཡོད་རིགས་ལ་ལུས་བཤེར་ཡང་བྱེད་ཀྱི་འདུག གངྒཱའི་འགྲམ་དག་ཏུ་གངྒཱར་ལྟ་བའི་ཇ་ཁང་ཆུང་ཆུང་མང་ཞིང་ཡིད་སེམས་གཡང་བཞིན་ཁ་བརྡས་དུས་འདའ་བར་བྱེད་པའི་གནས་མཆོག་ཏུ་གྱུར།
སྤྱིར་རྒྱ་གར་ནང་དུ་དུད་ནག་གམ་སོ་མ་རཱ་རྩྭ་གང་བྱུང་དུ་འཐེན་ཆོག་ལ་གནས་འདི་ནས་ཀྱང་ས་ཏྭ་མང་བས་རྩྭ་དེ་འཐེན་མཁན་ཤིན་ཏུ་མང་ལ། ལེག་ཤི་མེ་འཇོ་ལའི་ཉེ་འགྲམ་དག་ཏུ་ཆེས་ཆེར་མངས། ལེག་ཤི་མེ་འཇོ་ལའི་ཉེ་འཁོར་ནི་ས་ཆ་ཅུང་གུ་ཡངས་པས་ཕྱི་གླིང་བ་མང་པོ་དེར་སྡོད་པར་དགའ་བོ་བྱེད་ཅིང་། རྩྭ་འཐེན་དང་ཉོ་ཚོང་བྱེད་པར་ཤིན་ཏུ་སྟབས་བདེ་རེད་འདུག

ལུང་པ་འདིའི་ཆུ་འགྲམ་གྱི་ས་ཆ་གང་ཡག་ཚང་མ་ཡོ་ག་སྟེ་ལུས་སྦྱོང་དགེ་རྒན་དེ་ཚོས་བདག་བཟུང་དང་དབང་བསྒྱུར་བྱེད་བཞིན་འདུག ཁོང་ཚོས་ས་ཆ་ཆེན་པོ་མདའ་རྒྱང་གང་དོ་རེའི་སར་རྭ་བ་བསྐོར་ཏེ་ཨ་ཤརོམ་(Ashram )ཞེས་པ་ནང་གི་དཀྱིལ་དབུས་སུ་ཚོམ་ཆེན་དང་མཐའ་རུ་དྷ་རམ་ས་ལ་ཞེས་པའི་ཡུལ་མི་འདུག་སའི་མགྲོན་ཁང་ཁེ་བོ། ཟ་ཁང་དང་དྲ་རྒྱ་ཁང་། སྤྲོ་གཡེང་དང་ཁ་བརྡ་བྱེད་སའི་སྤྱི་གླིང་ཆུང་ངུ་སོགས་འདུག་ཅིང་། ད་དུང་གངྒཱའི་འགྲམ་དུ་བཟོས་ལེགས་པའི་རྡོ་སྐས་དག་ཀྱང་ཁོ་ཚོས་བཟོས་སྐད་དང་རང་རང་ལ་དབང་བའི་ཆུ་འགྲམ་དག་ཏུ་སྲོད་དུས་གངྒཱར་མེན་ཏོག་དང་སྣུམ་སྒྲོན་སོགས་རྫས་རིགས་མང་པོས་མཆོད་འབུལ། ཞལ་འདོན་ནམ་རོལ་གཞས་འདོན་སའང་བྱེད་ཅིང་། ཆུ་འགྲམ་དུ་ཚོགས་ཁང་ཆེན་པོ་ཞིག་ཏུ་ཉིན་གུང་ཡོལ་ཙམ་ལ་ཆོས་གསུང་གིན་འདུག་པར་སུ་ཡང་ཉན་པར་འགྲོ་ཆོག་ཅིང་འབུལ་བའམ་སྤ་སེ་ཉོ་བ་སོགས་གང་ཡང་བྱེད་མི་དགོས་ལ། ཆུ་འགྲམ་གྱི་རྭ་སྐོར་གཞན་ཞིག་ཏུ་ཆུ་བོིའི་གཞུང་ན་ཞི་བ་སྟེ་དབང་ཕྱུག་གི་སྐུ་ཆེན་པོ་དཀྱིལ་དྲུང་དུ་གཞུགས་ཤིང་ཁ་ཚུར་འཁོར་བའི་ཁ་གཏད་ཆུ་འགྲམ་དུ་མཆོད་འབུལ་བྱེད་བཞིན་པའི་མི་ཚོགས་ཀྱི་འཚང་ཁ་ཤིན་ཏུ་ཆེ་ལ་ཞལ་འདོན་དང་རོལ་གཞས་ཀྱི་སྒྲའང་གཞན་དེ་ལས་ཆེ་ཞིང་གྲ་རྒྱས་པ་འདུག༼ཆུ་འགྲམ་གང་མང་ཞིག་ལ་གནས་སྐོར་བ་ཚོ་གང་འདོད་དུ་འདུག་ཆོག༽
ས་ཆ་འདིར་ཤ་ཆང་གི་རིགས་དང་སྒོ་ང་སོགས་བཟང་ཚོང་བྱེད་མི་ཆོག་ཅིང་། ༼ཤ་བཟའ་ཚོང་བཀག་པ་འདི་ཙམ་གྱིས་ཀྱང་གངྒཱ་གནས་པའི་ཉ་ཁྲི་འབུམ་གྱི་ཚེ་སྲོག་སྲུང་ཞིང་རྒྱུན་བསྲིངས་ཡོད།༽འདི་ནི་ས་གནས་འདིའི་ཡོ་གའི་དགེ་རྒན་དག་གིས་གཙོས་ཡུལ་མི་གཙོ་གྲས་ཚོས་བཅས་པའི་སྲོལ་བཟང་ངམ་ཁྲིམས་བཟང་པོ་རེད་འདུག་སྟེ། ཤ་ཟ་མཁན་མེད་པས་ཚོང་མཁན་མེད་པ་དང་། ཆང་དང་སྒོ་སོགས་ཀྱང་བཙལ་ཀྱང་རྙེད་དུ་མི་འདུག་གོ།
ད་དུང་མཚན་མོ་འདུས་ཚོགས་བྱས་ནས་གཞས་ཞབས་བྲོ་སོགས་འུར་ཟིང་གི་རྣམ་པའི་རིགས་གཏན་ནས་བྱས་མི་ཆོག་པས་མཚན་མོ་ནི་ཧ་ཅང་ལྷིང་འཇགས་རེད་ལ། གངྒཱ་འགྲམ་རྒྱུད་དག་ནི་དེ་བས་ཀྱང་ཁུ་སིམ་མེར་དང་བསིལ་ལྷིང་ངེ་བའི་དམིགས་གསལ་ཁྱད་ཆོས་ལྡན།
སྤྱི་རྒྱ་གར་བས་འཁྲིག་འཛིངས་དང་རྐུན་འཕྲོག་ཇག་བཅོམ་སོགས་ལ་རབ་ཏུ་འཛེམ་ཞིང་སྡུག་པར་བརྩི་བ་གཅིག་མཚུངས་དང་། དོན་མེད་མི་ལ་བརྙས་བཅོས་སོགས་སྡུག་པའི་ལས་རིགས་སོགས་ཅི་ཡང་མཐོང་མ་བྱུང་།
གངྒཱ་སྲུང་སྐྱོང་གཙང་ཉེར་བྱེད་པར་གཞུང་འབྲེལ་ཉེན་རྟོག་ལས་བྱེད་དང་། ལྷག་པར་དུ་ཡུལ་མིའི་སྒྲིག་འཛུགས་ཀྱིས་ཕོ་སར་གཉིས་རེས་སྐོར་གཡེང་ལྟ་རྟོག་བྱེད་བཞིན་འདུག་ཅིང་རྒྱུན་ལྡན་མིན་པའི་ཆུ་འགྲམ་དག་དང་ཉེན་ཁ་ཡོད་ས་སྟེ་གངྒཱའི་ཆུ་ཅུང་གཏིང་ཟབ་ས་སོགས་སུ་གངྒཱར་ཁྲུས་བྱེད་པ་དང་། འདག་རྫས་ཀྱིས་གོས་འཁྲུ་བ་ནི་གཏན་དུ་ཆོག་པ་མི་འདུག གད་སྙིགས་སྤྱི་དང་ལྷག་པར་དུ་འགྱིག་ཤོག་རིགས་གངྒཱ་ཆུ་ལ་གཡུག་པ་མཐོང་ཚེ་དྲག་ཏུ་གཤེ་ཞིང་ཉེས་ཆད་ཀྱང་གཅོད་པར་བྱེད།
ཡུལ་མི་རྒན་པ་ཞིག་གིས་གངྒཱ་གཙང་ཉེར་སྐོར་ལ་གསུངས་པ། "བྱ་བ་གང་ཞིག་ཡིན་ནའང་ས་གནས་ཡུལ་མི་རིང་ངོས་ནས་འགན་གཙང་ལེན་བྱས་ན་གཞུང་གིས་སྟངས་འཛིན་ལས་ལེགས་པ་དང་ཚགས་ཚུད་ཡོང་གི་རེད་"ཟེར།
གནས་འདིར་ནམ་རྒྱུན་གནས་སྐོར་མཆོད་མཇལ་བ་མང་བའི་ཁར་ཉིན་འདི་འགའ་ནི་ཧིན་དྷུ་བའི་མཆོད་འབུལ་དུས་ཆེན་ཆེས་ཆེ་ཤོས་དེར་འཁེལ་འདུག་པས་མི་ཚོགས་འབུམ་ཕྲག་འགའ་ཉིན་ལྟར་གངྒཱའི་འགྲན་དུ་མི་ཤོང་བཞིན་དུ་ཁྲུས་ལ་ཞུགས་ཤིང་མཆོད་པར་བྱེད་ལ། བཙོག་གཅིན་གྱི་དང་མིའི་གཟུགས་པོའི་དྲི་ཡིས་ཁ་སྣ་འགག་ཅིང་དབྱུགས་ཀྱང་གཏོང་ལེན་དཀའ་ཚོད་དུ་འདུག མཆོད་རྫས་ཀྱི་རིགས་ལ་མེན་ཏོག་དང་སྣུམ་སྒྲོན། ཞོ་དང་འོ་མ། ནར་ཡ་(coconut)སོགས་ཤིང་ཏོག་རིགས་སྣ་ཚོགས། ད་དུང་རས་གོས་གང་བཟང་གིས་གངྒཱ་དྷེ་བེ་༼གངྒཱ་ལྷ་མོ་༽ལ་སཱ་རས་༼རྒྱ་གར་གྱི་བུད་སྨན་ཚོས་སྟོད་སྨད་གཉིས་ཡོངས་སུ་དཀྲིས་པའི་རས་གོས་ཤིག༽འབུལ་བ་ཡིན་ཟེར་ནས་མཆོད་ཅོང་གསོལ་བ་སྨོན་ལམ་ཡུན་རིང་འདེབས།
ས་འདིའི་འོ་ཞོ་ཚོང་མཁན་ཚོས་ཞོགས་པ་སྔ་མོ་སྐབས་ལྕགས་ཟམ་ཆེན་པོ་དེ་དག་ཏུ་བརྒྱུད་ནས་ཚོང་འགྲུལ་བྱེད་སྐབས་ཞོ་འོ་འཕངས་མེད་དུ་གངྒཱར་བསྐྱུར་ཅིང་ཉིན་དེའི་ཚོང་ལེགས་པོ་ཡོང་བའི་གསོལ་འདེབས་སྐྱབས་འཇུག་ཀྱང་ཞུ།
ས་འདིའི་མགྲོན་ཁང་དང་ཟ་ཁང་མང་ཆེ་བ་གངྒཱའི་འགྲམ་རྒྱུ་དུ་ཆགས་འདུག་ལ། མགྲོན་ཁང་ཆེ་བ་དག་ལ་ཟ་ཁང་དང་དྲ་ཁང་འདུག་ལ་ཡོ་ག་སྟེ་ལུས་སྦྱོང་བྱེད་ས་དང་དག་རྒན་ཡང་འདུག་མོད། གནས་འདིར་ཅུང་ཡུན་རིང་བསྡད་པའི་མི་རེ་འགས་བཤད་ན་དེ་ཚོ་ནི་ཕྱི་གླིང་བ་ཚོར་མགོ་སྐོར་གཏོང་བ་ཁོ་ན་རེད། མ་གཞི་ཁོ་ཚོས་ཡོ་ག་ཤེས་ཀྱི་མ་རེད་ཟེར། མགྲོན་ཁང་གི་གླ་ཆ་སྒོར་སུམ་བརྒྱ་ནས་དགུ་བརྒྱ་ཅན་ཅུང་ཚད་ལྡན་དང་གྲང་རླུང་ཅན་ལ་དེ་བས་གོང་ཆེ་བ་འདུག ཁྲུང་ཁང་དང་བརྙན་འཕྲིན། ཆུ་དྲོ་གྲང་རྒྱུན་དུ་འདུག
ཡོ་གའི་༼སྐོར་ཅུང་རྒྱས་ཙམ་འབྲི་འདུན་ཡོད།༽འཛིན་གྲྭ་མང་ཆེ་བ་བདུན་རེར་ཚོགས་ཐེངས་དྲུག་དང་ཚོགས་ཐེངས་གཅིག་ནས་གསུམ་བར་སྟོར་གཅིག་ནས་གཅིག་སྟོང་ལྔ་བརྒྱ་བར་དང་ཚོགས་ཐེངས་བཞི་བ་ནས་གོང་རིམ་འཕེར་གྱིས་བདུན་གཅིག་ལ་ལྔ་སྟོང་སྤྱི་མཚུངས་སུ་རེད་འདུག ཞོགས་པར་རང་སྦྱོང་༼དགེ་རྒན་ཡོད་མེད་གཉིས་ཀ་འདུག༽དུས་ཚོད་གཉིས་དང་ཕྱེད་ཀ་དང་། སྲོལ་དུས་འཛིན་གྲྭ་དངོས་གཞི་དུས་ཚོད་གཉིས་ལྷག་ལ་ཚོགས་དགོས་ཀྱི་འདུག

བཟང་བཏུང་གི་སྐོར་ནས་ཤ་སྒོང་ཟས་མི་ཆོག་པས་བོད་མི་ཤ་དགའ་ཚོར་ཅུང་དཀའ་ཙམ་འདུག་སྙམ་ཡང་། ཤིང་ཏོག་རིགས་འདྲ་མིན། འབྲས་རིགས་སྣ་ཚོགས་དང་རྡལ་དང་སྲན་མའི་རིགས་འདྲ་མིན་བསྔོས་མ། ཚོད་མའི་རིགས་སྣ་ཚོགས། རོ་ཀྲེ་དང་ནན་ཞེས་པའི་བག་ལེབ་སྲ་མོ། ཕ་ནེར་(Paneer )དང་ཕྱུར་བའི་རིགས། བྷི་ཡར་ནེ་(Veg Biryani)ཞེས་པའི་འབྲས་བསྔོས་མ། འབྲས་དང་ཞོ་སོགས་སྣ་ཁ་བདུན་ནས་བཅུ་གཉིས་ཅན་གྱི་ཐ་ལི་(Thali)༼འདི་ལ་རིན་གོང་ལ་དཔག་ནས་མང་ཉུང་དང་ཟས་རིགས་གྲངས་ཀ་མི་འདྲ༽བཅས་མིང་ཤེས་པ་དང་མི་ཤེས་པ། ཟོས་མྱོང་དང་མ་མྱོང་བ་སོགས་ཟས་རིགས་རྣམ་གྲངས་ཤིན་མང་པོ་འདུག་ལ། བཏུང་བ་ལའང་རྒྱ་གར་བའི་ཇ་ཧ་ཅང་ཞིམ་པོ་དང་འོ་ཞོ་དང་འོ་ཞོ་ཤིང་ཏོག་དང་མཉམ་དུ་དཀྲིགས་པའི་བཏུང་བའི་རིགས། སིལ་ཁུ་དང་ཆུ་གྲང་མོའི་རིགས་རྒྱ་གར་བ་ལ་བཟའ་བཏུང་གི་རིགས་ནི་ཤིན་ཏུ་མང་ཨང་སྙམ་པའི་ཚོར་བ་སྟེར།
བོད་མིས་ཆེས་དགའ་མོས་དང་རྒྱུན་ཟས་མོག་མོག་དང་ཐུག་པ་ཡོད་པའི་ཟ་ཁང་ཞིག་ཀྱང་འདུག་མོད། ཟས་ཚར་རྗེས་སྐྱུགས་བྲོ་བའི་ཚོར་བ་ཞིག་སྟེར་བས་མི་བཟང་ལ། རྒྱ་གར་བའི་ཟ་ཁང་དུ་རྒྱ་གར་བའི་ཟས་རིགས་ནི་མཆོག་ཏུ་དང་བཟང་ཤོས་དེ་ཡིན་སྣང་ཤར། གནས་འདིའི་ཟ་ཁང་དག་ཀྱང་གངྒཱའི་འགྲམ་གཉིས་སུ་བསྟར་ཕྲེང་དུ་འདུག་ལ། ganga view དང་Tip Top.Jai Neelkanth སོགས་ནི་ང་ནམ་རྒྱུན་འགྲོ་སའི་ཟ་ཁང་ཡག་ཤོས་སྣང་ལ། དེ་ཚོར་view སྟེ་ལྟ་རོལ་བྱེད་ས་གཞན་ལས་མཐོང་ཡངས་ཤིང་ལྷོད་ཤ་ལྡན་པ་ཞིག་རེད།
མདོར་ན་རེཁ་ཥེཤ་ནི་རྒྱ་གར་ནང་ཡོ་ག་སྦྱོང་སའི་བསྟི་གནས་དང་ལྟ་སྐོར་བྱེད་ཡུལ་ཡང་བཟང་པོ་ཞིག་ཡིན་འདུག་ན། བོད་པ་ཚོ་ཡུལ་སྐོར་དུ་འགྲོ་བའི་གོམས་སྲོལ་མེད་ཀྱང་རིམ་གྱིས་རིང་གི་ཐག་ཉེ་ས་དང་གནས་མཇལ་དང་མཆོད་བཀུར་བྱེད་སའི་གནས་དག་ནས་མགོ་འཙུགས་ཏེ། ཡུལ་སྐོར་བྱེད་པའི་གོམ་འདྲིས་ཀྱང་ཐེབས་དགོས་ངེས་ལ། མཐོང་ཐོས་མྱོང་བ་སོགས་ཀྱི་ཆེད་དུའང་ཤིན་ཏུ་ཕན་པས། དུས་ཁོམ་དང་སྒོར་རྡོག་འགའ་རེ་ཡོད་ཚེ་སྤྲོ་འཆམ་གྱི་ཚུལ་དུ་ཡུལ་འདྲ་བྱས་ན་མི་བཟང་ངམ།

སྤྱི་ལོ་༢༠༡༠་ལོའི་སྤྱི་ཟླ་༤་བའི་ཚེས་༡༦་ཉིན་རེཤ་ཥེཤ་རང་གནས་མགྲོན་ཁང་Hotle Shree Radhe Radhe ནས་དགོང་མོའི་དུས་ཚོད་༧དང་སྐར་མ་༡༢་ཐོག་ཡོངས་སུ་བྲིས་ཚར་བའི་ཁུལ་ལོ།།

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག