"བཀའ་ཤག་"ཅེས་པའི་ཐ་སྙད་ཀྱི་བསྡུས་དོན།

_________"བཀའ་ཤག་"ཅེས་པའི་ཐ་སྙད་ཀྱི་འབྱུང་ལ་རགས་ཙམ་དཔྱད་པ།


བོད་གཞུང་གི་སྲིད་སྐྱོང་དབང་ཆ་ཆ་ཚང་ཡོད་པའི་ལས་ཁུངས་མཐོ་ཤོས་དེ་ཡིན་ཅིང༌། དེར་སྲིད་འབྱོར་རིག་གསུམ་དམག་དོན་དང་བཅས་པའི་འགན་དབང་ཆ་ཚང་བ་ཡོད་པ་ཡིན། འོན་ཀྱང་དེང་གི་ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་པའི་བཀའ་བློན་ལྷན་རྒྱས་བཞི་ལས་གྲུབ་པའི་བཀའ་ཤག་ལྟ་བུ་ལ་ཟེར་བ་འདྲ།
བཀའ་ཤག་ཅེས་པའི་ཐ་སྙད་འདི་དེ་སྔ་བདག་གིས་མཐོང་བའི་བོད་ཀྱི་ཡིག་ཆ་སྔ་ཤོས་ནི་རྡོ་རིང་པཎྜི་ཏའི་རྣམ་ཐར་༼དུས་རབས་བཅོ་བརྒྱད་པའི་དཀྱིལ་ཙམ་ལ་བརྩམས།༽ཡིན་ནམ་སྙམ་ཞིང༌། རྡོ་རིང་པཎྜི་ཏའི་རྣམ་ཐར། ༼༡༩༨༧ལོ་སི་ཀྲོན་མི་རིགས་དཔེ་སྐྲུན་ཁང༌།༽དེའི་གྲངས་༦༤ལས། "བཀའ་ཤག་དྲུང་ཡིག་གཞིས་བརྩེ་བཀྲས་མཐོང་པ་དང༌། ལྷ་ས་རག་ཁ་ཚ་ཚུལ་བ། བཀའ་མགྲོན་མཉེས་ཐང་བདེ་སྐྱིང་གླིང་པ། བཀའ་ཤག་འགག་པ་བསམ་ཡས་ལྷ་ཁང་པ་བཅས་སྐྱབས་མགོན་སྲིད་ཞིའི་གཙུག་རྒྱན་རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་དབྱིངས་བཅད་ཀྱིས་གསར་བསྐོས་མཛད་དེ།"ཞེས་བཀའ་དྲུང་རྣམ་པ་ཇི་ལྟར་བསྐོ་བཞག་གནང་སྐོར་འཁོད་པ་དེ་ཡིན་ཞིང༌། དེའི་སྔོན་གྱི་ཡིག་ཆ་འགར་བཀའ་བློན་ཤག་ཟེར་བ་ལས་བཀའ་ཤག་ཟེར་བའི་ཐ་སྙད་འདི་མི་སྣང་ངོ༌།།
སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭངས་ཤེལ་མེ་ལོང་ལས། "བཀའ་བློན་ཤག་གི་ལས་ཚན་པས་གཞུང་ལས་འགང་ཆེན་རྣམས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་བསྟན་སྲིད་ཀྱི་ཞབས་འདེགས་དང༌།" ཞེས་པ་འདི་བོད་གྱི་ཡིག་ཐོག་ཏུ་སླེབས་པའི་བཀའ་བློན་ཤག་ཟེར་བ་ཐོག་མ་དེ་ཡིན་ཞིང༌། བཀའ་བློན་ལྷན་རྒྱས་ཚོགས་སའི་ཁང་པ་༼བཀའ་ཤག་འཚོགས་ཡུལ༽ཞིག་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ནས་ལྷ་ས་གཙུག་ལག་ཁང་གི་གཞུང་སྒོའི་ཡང་སྟེང་གི་ཚོམས་ཆེན་ཁམས་གསུམ་ནང་མཉམ་ཚོགས་བྱེད་ཀྱི་ཡོད་ཀྱང༌། ༡༧༢༡ལོར་དའི་ཆང་བཱ་ཐུར་བསོད་ནམས་རྒྱལ་པོ་དང་རྡོ་རྗེ་རྒྱལ་པོ། བཀྲ་ཤིས་རྒྱལ་པོ་གསུམ་བཀའ་བློན་དང༌། ༡༧༢༤ལོར་སླར་ཡང་བཀའ་བློན་གསར་པ་སྐབས་དེའི་རྩིས་དཔོན་ཕོ་ལྷ་བསོད་ནམས་སྟོབས་རྒྱས་དང༌། སྦྱར་ར་བ་བློ་གྲོས་རྒྱལ་པོ་གཉིས་བཀའ་བློན་ལ་བསྐོས་རྗེས་སུ་རིམ་པས་ལས་དོན་བྱེད་ཕྱོགས་སྐོར་ལ་བཀའ་བློན་རྣམས་མི་མཐུན་པ་ཆེ་རུ་སོང་བར་བརྟེན། གོང་ས༧བདུན་པ་མཆོག་གིས་བཀའ་བློན་ཚོར་པའི་སེ་ཁང་ཆེན་པས་བཀའ་བློན་གཙོ་བོ་དང༌། བཀའ་བློན་གཞན་གྱིས་རོགས་རམ་བྱས་ཏེ་ལས་དོན་སྒྲུབ་དགོས་པའི་བཀའ་གནང༌། དེ་དང་ཆབས་ཅིག་བཀའ་བློན་གྱི་ཐམ་ཀ་ནག་པོ་གྲུ་བཞི་གླེང་དྲུག་མ་འཁོར་ཡུག་ཡོད་པའི་ཁ་རིས་སུ་བྱབྱཔའི་སེ་ཁང་ཆེན་པས་གཙོ་བོ་དང་པའི་སེ་ང་ཕོད་པས་རོགས་རམ་སོགས་ཕྱིང་སང་རྣམས་ཀྱི་ཐམ་ཀ་རྒྱ་ལཞེས་འཁོད་པ་གནང་སྟེ་བཀའ་བློན་རྣམས་ལྷ་ས་གཙུག་ལག་ཁང་གི་གཟིམ་ཆུང་ཁམས་གསུམ༼གཞུང་སྒོའི་སྟེང་དུ་ཡོད་པ་དེ་ཡིན༽ལས་ཁུངས་ཚུགས་པའི་སྲོལ་བཏོད། འོན་ཀྱང་སྐབས་དེར་བཀའ་ཤག་མི་ཟེར་ལ། མགྲོན་གཉེར་དང་དྲུང་ཡིག་སོགས་ཀྱང་མེད།
རབ་བྱུང་བཅུ་གསུམ་པའི་ལྕགས་ལུག་༼སྤྱི་ལོ༡༧༥༡༽ལོར་གོང་ས༧བདུན་པ་ཏཱ་ལའི་བླ་མ་སྐལ་བཟང་རྒྱ་མཚོ་མཆོག་གིས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་རྗེས། ཞབས་ཞུར་བཀའ་བློན་བཞི་བསྐོ་བཞག་བྱས་ཤིང་བཀའ་ཤག་ཐོག་མར་བཙུགས་ཏེ་བཀའ་བློན་གྱི་གཙོ་བོ་དགའ་བཞི་༼རྡོ་རིང༽གུང་པཎྜི་ཏ་དང་ཕྱག་རོགས་ལྟ་བུར་ཛ་སག་མདོ་ཁར་བ་༼རག་ཁ་ཤག༽ཞབས་དྲུང་ཚེ་རིང་དབང་རྒྱལ། ཛ་སག་ཐོན་པ་༼བླ་བྲང་རྙིང་པ༽སྲིད་གཅོད་ཚེ་བརྟན། སེར་མོ་བ་མགྲོན་གཉེར་དར་ཧན་ཉི་མ་རྒྱལ་མཚན་༼འབྲོང་རྩེ་བ༽བཅས་ལ་བསྐོ་བཞག་དང༌། བཀའ་བློན་རྣམས་ལ་ཆེ་བའི་རྟགས་སུ་བཀའ་ཤག་དྲུང་ཡིག་གཞིས་རྩེ་བཀྲས་མཐོང་དང་ལྷ་ས་ཚ་ཚུལ་བ། མལ་གྲོ་ཁྲོན་པ་རྒྱ་བ། བཀའ་མགྲོན་མཉེས་ཐང་བདེ་སྐྱིད་གླིང་པ། བཀའ་བློན་སོ་སོར་འགག་པ་བསམ་ཡས་ལྷ་ཁང་པ་སོགས་ལ་བསྐོ་བཞག་སྩལ་ཏེ། ལྕགས་ལུག་༡༧༥༡ལོའི་ཟླ་༢པོའི་ཚེས་༡ཉིན་བཀའ་བློན་རྣམས་ཀྱིས་གསར་མཇལ་ཞུས། བཀའ་ཤག་དམ་ཕྲུག་ཁ་རིས་སུ་༼སྲིད་ཞིའི་བདེ་སྐྱིད༽འཁོད་པ་གོང་ས༧བདུན་པ་མཆོག་གིས་ཐུགས་སྨོན་མཚམས་སྦྱོར་དང་བཅས་བཀའ་བློན་ཐུན་མོང་གི་ཕྱག་ཏུ་གསོལ་རས་སྩལ་ཏེ། "བཀའ་བློན་ལས་འཁུར་འདི་བཞིན་དོན་དུ་སྲིད་སྐྱོང་གི་གནས་དང་ཁྱད་པར་མེད་གཤིས་"ཞེས་སོགས་ཀྱི་བཀའ་སློབ་ཀྱང་སྩལ།
དེ་ནས་བཟུང་བཀའ་ཤག་གིས་བོད་ཀྱི་ཕྱི་ནང་གང་ཅིར་ཁྱབ་འདོམས་བསྐུལ་བྱུས་མཛད་དེ་མི་ལོ་སུམ་བརྒྱ་ལྷག་གི་རིང་བོད་གཞུང་དགའ་ལྡན་ཕོ་བྲང་བའི་ཆབ་སྲིད་ཀྱི་ཀ་བ་ལྟ་བུར་གྱུར།
བཀའ་ཤག་ལ་བཀའ་ཤག་སྟེང་དང་བཀའ་ཤག་ཤོད་གཉིས་ཡོད་པའི་བཀའ་ཤག་སྟེང་ནི། བཀའ་བློན་བཞི་དང་བཀའ་དྲུང་གཉིས། མགྲོན་གཉེར་གསུམ་བཅས་ཀྱི་ལས་ཀ་ཚོགས་ཡུལ་དེ་ཡིན།
བཀའ་ཤག་ཤོད་ནི་ཤོད་སྐོར་རིམ་པ་བདུན་པའི་ལས་ཚན་པ་དྲུང་ཡིག་ཆུང་བ་གསུམ་ཡོད་པ་ཁོང་ཚོའི་ལས་འགན་ནི། རྟ་ཁལ་ལམ་ཡིག་ཐོང་འཛིན་སྒྱུར་རྒྱུ་དང༌། རྫོང་གཞིས་ཁག་གི་གཞུང་གཏོགས་དགོན་སྡེ་རྣམས་ལ་ཉི་ལྡོག་ཞབས་བརྟན་སྒྲུབ་རྒྱུའི་དཔྱད་ཁྲ། དགྱེས་སྟོན་ཁག་གི་སྡེར་གཞུང༌། ཆིབས་རགས་གྲལ་ཐོ། མཆོད་འབུལ་ལག་དེབ། རྫོང་གཞིས་འཕོ་ལེན་གྱི་སྤྲོད་རྒྱ་དང་ལམ་ཡིག་ཁག་བཀའ་ཤག་བརྒྱུད་རྩེ་ཤོད་དུ་སྙན་ཁུར་གཏོང་རྒྱུའི་ལས་དོན་བྱེད་པ་སོགས་ཞིབ་ཏུ་དུང་དཀར་ཚིག་མཛོད་ལས་ཤེས་པར་བྱ།

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག