སྟག་གཟིག་དང་དེའི་སྐོར་ཀྱི་སྐད་ཆ་འགའ་སྙན་ངག་པ་གཅན་མེ་སྟག་ལ་བགྲོ་གླེང་དུ་ཕུལ་བ།

ཉེ་ཆར་མཚོ་སྔོན་པོའི་བོད་ཡིག་ཟིན་བྲིས་དྲ་བ་སྒོ་ཕྱེ་བ་ནས་བདག་གིས་ཀྱང་དེར་རང་གི་སེམས་གཏམ་བཤད་སའི་ཟིན་བྲིས་ཞིག་གཉེར་ཁུལ་བྱས་པ་ཡིན་མོད། ལས་བྲེལ་གྱི་དབང་གིས་རྩོམ་ཡིག་རེ་གཉིས་ལས་འགོད་མ་ཐུབ་པར་དེ་མུར་ལུས་སོང་། ཁ་སྔོན་རང་གི་ཟིན་བྲིས་དེར་སྐོར་ཞིག་རྒྱག་སྐབས། བདག་གི་ཟིན་བྲིས་ཀྱི་མདུན་ངོས་སུ་“གོ་ཐོབ།” ཅེས་པའི་རྗེས་སུ་ “རྐང་ཐང་”ཞེས་བྲིས་འདུག་པ་དེ་མཐོང་བས་སེམས་སུ་རྩོམ་ཡིག་རྙིང་པ་འགའ་རེ་ཡོད་པ་དེ་ཚོ་དྲ་ངོས་སུ་འགོད་འདུན་ཤར། དེ་ལྟར་དུ་རྩོམ་ཡིག་རྙིང་པ་འགའ་རེ་དང་ལོ་འགའི་སྔོན་དུ་ཟིན་བྲིས་བཏབ་པའི་གནའ་བོའི་ལོ་རྒྱུས་ཐོག་གི་ཐ་སྙད་ “ཏ་ཟིག་”གམ་ “སྟག་གཟིག་”ཅེས་པའི་ཐ་སྙད་ཀྱི་བསྡུས་དོན་ཞིག་ཀྱང་དྲ་ངོས་སུ་བཀོད་པ་ཡིན། ༼ http://t.amdotibet.cn/u/Chen/archives/2010/5429.html ༽རྩོམ་རྙིང་དེ་ཀློག་མཁན་འགའ་རེ་བྱུང་ཡོད་པར་དགའ་བསུ་ཞུས་པ་དང་ཆབས་ཅིག དགེ་མེ་སྟག་ལགས་ཀྱིས་ཁོང་གིས་ཀྱང་སྟག་གླིང་སྐོར་ལ་རྩོམ་ཡིག་ཅིག་བྲིས་ཡོད་པས་དེར་བསམ་ཚུལ་རེ་ཡོད་ན་ཞེས་སྐུལ་གནང་འདུག་པར་དེ་རིང་སེམས་ལ་གང་ཤར་ཡི་གེར་བཀོད་དེ་དྲ་ཐོག་ཏུ་བཞག་པ་ཡིན། ཡིག་དོན་ནོར་བ་དང་གཏགས་ནོར་ཤོར་བ་སོགས་གང་ཡོད་ལ་དགོངས་དག་ཞུ་རྒྱུ་དང་། དགོངས་ཚུལ་དང་ལམ་སྟོན་གང་ཡོད་ལྷུར་པོར་གསུང་རོགས་ཞུ།

དགེན་མེ་སྟག་གི་རྩོམ།༽

གླུ་ཨ་ལ་ལ་མོ་ཨ་ལ་ལེན།

——གླིང་སྒྲུང་ལས་བྱུང་བའི་སྟག་གཟིག་ལ་དཔྱད་པ།

སྤྱིར་བཏང་དུ་གླིང་སྒྲུང་ལས་བྱུང་བའི་ས་མིང་དང་གོམས་སྲོལ་མང་དག་ཅིག་ལ་དེང་ཡང་ས་གནས་ངོས་བཟུང་དུ་ཡོད་ཅིང་། དཔལ་རྟུལ་རེ་འགའ་ཡི་མཁར་རྫོང་གི་ཤུལ་དང་མིང་བཏགས་སོགས་ཀྱང་མ་འགྱུར་བར་ཡོད་པས་འདིར་ནི་ཆེར་སྤྲོས་དོན་མི་འདུག་མོད། སྟག་གཟིག་ནོར་རྫོང་ཕབས་པའི་གླིང་སྒྲུང་དེའི་དཔྱད་གཞི་ཁག་ཅིག་ལ་འགལ་ཆ་མང་དུ་འདུག་པ་གཞིར་བཅས་སྟག་གཟིག་ཅེས་པའི་ས་མིང་དང་ཡུལ་ཕྱོགས་གང་དུ་ཡོད་མིན་ཐད་ཁོ་བོ་རང་གི་ངོས་འཛིན་སྟངས་ཤིག་བརྗོད་པར་འདོད་དོ།

སྟག་གླིང་ལས། མི་ང་འདྲ་ང་ངོ་མི་ཤེས་ན།། སྟག་གཟིག་ནོར་གྱི་རྒྱལ་བོ་སྟེ།། མིང་ཅི་མ་ཡིན་ལ་བཏགས་ལེ་མིན།། བློ་དཔའ་སྙིང་ཆེ་བས་སྟག་གཟིག་ཟེར།། རྒྱུ་ལོངས་སྤྱོད་ཆེ་བས་ནོར་རྒྱལ་ཟེར།། ཞེས་པའི་གླུ་དེའི་དོན་ལ་བརྟགས་ན། སྟག་གཟིག་བྱ་བའི་མིང་ནི་འདྲ་བ་རྒྱུ་མཚན་གྱི་སྒོ་ནས་བཏགས་པའི་མིང་ཞིག་ཡིན་པ་ཤེས་ཐུབ་ལ། སྒྲུང་དེའི་སྐབས་འགའ་ཞིག་ལ། ང་འདྲ་སྟག་དམར་རྒྱལ་བོ་ཡིན།། ཞེས་ཀྱང་འབྱུང་བཞིན་པའི་མིང་སོགས་ལ་ཁོ་བོས་ནི་འདྲ་བ་རྒྱུ་མཚན་གྱིས་བཏགས་པའི་མིང་ཞིག་ཡིན་པ་ལས་མི་མང་དག་གིས་ངོས་འཛིན་བྱེད་གྱིན་པའི་ཕྱི་གླིང་གི་རྒྱལ་ཁབ་ཏ་ཞིག་གམ་ཏ་ཟི་བྱ་བའི་གནས་ཤིག་ཡིན་པར་མི་འདོད་དོ།།

བདག་གིས།༽

(དེ་ལྟར་ན་དཔའ་བློ་ཁོག་ཆེ་བ་སྟག་གཟིག་དང་འདྲ་བས་ན། འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཡིན་འདུག་ན། སྟག་གཟིག་ཅེས་པའི་ཐ་སྙད་འདི་ཡང་བོད་སྐད་རྣལ་མ་ཞིག་ཡིན་དགོས་ཁར། དེ་ཡང་འདྲ་བ་རྒྱུ་མཚན་དུ་བཏགས་པའི་མིང་ཞིག་ཡིན་དགོས་པས་ན། སྤྱིར་དགོངས་ཚུལ་འདི་བོད་དང་རྒྱ་དཀར་ནག་གཙོས་དེང་གི་དབྱི་ལིང་(Iran) གི་ལོ་རྒྱུས་དང་དབྱིན་ཡིག་ཐོག་ཡོད་པའི་གནའ་བོའི་པར་སིག་གམ་པར་ཤི་ཡ Persia ཡི་ངོས་འཛིན་སྟངས་དང་ཡོངས་སུ་མི་མཐུན་ཁར། ཏ་ཞིག་གམ་ར་ཞིག ཏ་ཟིག སྟག་གཟིག་སིགས་ཀྱི་ཐ་སྙད་འདིའི་འབྱུང་ཁུང་ཡང་བོད་ཡིན་ཞིང་ཐ་སྙད་འདི་ཡང་བོད་སྐད་གཞན་ལ་ཕར་ཟུར་ཆག་པའི་ལྟ་ཚུལ་གསར་པ་ཞིག་རེད་འདུག་སྙམ། ཐ་སྙད་འདིའི་མིང་གི་སྐོར་ལ་བདག་གིས་བྲིས་པའི་སྟག་གཟིག་གི་སྐོར་དེ་བསྐྱར་དུ་གཟིགས་རོགས། )

དགེན་མེ་སྟག༽

དེ་ཅིའི་ཕྱིར་ཅེས་ན་མི་མིང་ཡུལ་ལ་ཐོགས་པ་སོགས་ཀྱི་རྒྱུ་མཚན་དྲངས་ཀྱང་ཆོག་ལ། གལ་སྲིད་སྟག་གཟིག་བྱ་བ་དེ་མང་པོའི་འདོད་ཚུལ་ལྟར་གྱི་ཏ་ཟིག་བྱ་བའི་གནས་ཡིན་པར་ངོས་བཟུང་དགོས་ན་ནི་རྒྱལ་ཁབ་དེ་དང་གླིང་བྱ་བ་ཁམས་སྡེ་དགེ་ནས་ཡུལ་ཤུལ་ལ་ཐུག་གི་བར་གྱི་ཚོ་ཁག་ཅིག་གི་བར་དུ་ས་གནས་མང་པོ་ཞིག་བརྒྱུད་དགོས་པ་གཞིར་བྱས། ཆེ་ཕྱོགས་ནས་པ་ཀི་སི་ཐན་དང་ཨ་ཧྥུ་ཀན་ནི་སི་ཐན་སོགས་ཡུལ་གྱིས་བསྐལ་བའི་འཁྲུགས་རྐྱེན་ཞིག་འབྱུང་བའི་རྒྱུ་ཅི་ཡང་འདྲེན་དུ་མེད་ལ། དེ་ནི་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་འཁྲུགས་པའི་ལོ་རྒྱུས་དེ་ཉིད་སྒྲུང་གི་རྣམ་པས་བྱུང་བ་རེད་ཅེས་ན་གླིང་གི་གེ་སར་བྱུང་བའི་དུས་དང་འགལ་བའི་ཆ་མང་དུ་ཡོད་འདུག

དབག་གིས།༽

༼སྐབས་འདིར་ཁོད་སྙོམས་མི་ཐུབ་པའི་འབྱུང་རྐྱེན་གཅིག་ནི། གླིང་སྒྲུང་ནང་གི་གླིང་ཞེས་པ་དེ་བོད་ཁམས་ཀྱི་འགུ་ལོག་ཡུལ་ཤུལ་དང་སྡེ་དགེའི་ཕྱོགས་སུ་ངོས་བཟུང་རྗེས། ད་གཟོད་སྟག་གཟིག་ཅེས་པའི་རྒྱལ་ཁབ་བམ་ཡུལ་ལུང་འདི་དེང་གི་དབྱི་རེག་ཡིན་མིན་ལ་དཔྱོད་པས་ན། ཆེས་སྙོམས་སྒྲིག་མི་ཐུབ་པ་དང་བློར་མི་ཤོང་བའི་སྣང་ཚུལ་ཞིག་བྱུང་བར་སྙམ། གཉིས་ནས་ཕ་ཁི་སྟན་དང་ཨུབ་གྷན་སྟན་གཉིས་ཀྱང་བོད་དང་སྟག་གཟིག་གི་བར་དུ་འདུག་པ་དང་། ཡུལ་གྱིས་བསྐལ་བའི་འཁྲུག་རྐྱེན་འབྱུང་མིན་གྱི་ཐད་ལ། བོད་བཙན་པོ་ཁྲི་གཙུག་ལྡེའུ་བཙན་གྱི་སྐབས་ནས་བོད་ཀྱི་མངའ་ཐང་ནུབ་ཏུ་ཡང་རྒྱ་སྐྱེད་དེ་དེང་གི་ཕ་ཁི་སྟན་དང་ཨབ་གྷན་སྟན་རྒྱལ་ཁབ་གཉིས་ཀྱི་ནུབ་བྱང་ས་ཁུལ་རྒྱ་ཆེར་བོད་བཙན་པོའི་སྟིབས་ཀྱིས་མངའ་ཞབས་སུ་བསྒྱུར་ཡོད་པ་ལོ་རྒྱུས་ཡིག་ཆེ་མང་པོར་གསལ་ཞིང་། སྐབས་དེར་བྲུ་ཤ་ཕྱི་ནང་གཉིས་ཤེས་དེང་གི་ཕ་ཁི་སྟན་གྱི་རྒྱལ་ས་ཨེསི་ལ་མ་བྷ་ཏིའི་ནུབ་ཆ་ཚང་དང་། ཨབ་གྷན་སྟན་གྱི་ཧིན་དྷུ་ཀུཤཱུ་ཡི་མཐ་འཁོར་ཡོངས་རྫོགས་མངའ་དབང་དུ་བསྡུས་འདུག “སྐབས་ཆོས་ཀྱི་ལུང་དེ་འདིར་འགོད་པའི་དགེ་བ་ཆེར་མི་འདུག” ད་དུང་བོད་བཙན་པོས་རང་གི་གཅུང་མོ་ “མཚན་གློ་བུར་དྲན་མ་སོང་”བྲུ་ཤ་རྒྱལ་པོར་ཆབ་སྲིད་དུ་བརྫངས་འདུག་ལ། སྐབས་དེར་བོད་བཙན་པོའི་དཔུང་དེང་གི་དབྱི་ལིང་(Iran) གི་ས་དཀྱིལ་བར་དུ་སླེབས་འདུག་པའང་ཡིག་ཆར་གསལ་བོར་འཁོད་འདུག་མ་ཟད། དབྱི་ལིང་གི་མཚོ་ཞིག་ལ་ཨལ་ཏིབྷག་སྟེ་བྷོད་ཀྱི་མཚོ་ཞེས་མིང་བཏགས་ཚུལ་སོགས་ལོ་རྒྱུས་ཡིག་ཆར་གསལ།

ཡང་བྱུང་བ་འདི་དག་བོད་བཙན་པོའི་སྐབས་དང་སྙོམ་མུ་ཐུབ་པའི་རྒྱུ་མཚན་དུ། གེ་སར་གྱི་བྱུང་བའི་དུས་དང་འགལ་ཆ་འདུག་སྐོར་ལ། གེ་སར་འཁྲུངས་ལོ་སོགས་ས་སྐྱ་ཨ་མྱེ་ཡིས་གསུང་དེ་ཚད་མར་འཛིན་བཞིན་པ་ཡིན་ནམ། ཡང་ན་གཞན་པའི་ཁ་གསལ་གྱི་འཁྲུངས་ལོ་ཞིག་འཇོག་ཏུ་ཡོད་དམ། གཉིས་ནས་གནད་དོན་འདིའི་ཐད་དུ་གླིང་སྒྲུང་ཞིབ་འཇུག་པ་མཁས་དབང་འཇམ་དཔལ་རྒྱུ་མཚོས་གསུངས་པ་བཞིན། བོད་བཙན་པོའི་བྱུང་བ་དག་གེ་སར་གྱི་བྱུང་བར་སྦྱར་ཏེ་སྒྲུང་འདི་འདྲ་ཞིག་བྱུང་བའི་སྐོར་སོགས་ཞིབ་ཏུ་དེར་གསན་གཟིགས་གནོངས་དང་། ཕན་ཐོག་འདྲ་འབྱུང་སྲིད། ༽

དགེན་མེ་སྟག༽

དེས་ན་ཁྱེད་ཀྱིས་ཤོད་པའི་སྟག་གཟིག་བྱ་བ་དེ་ཡུལ་གང་ཡིན་ཞེས་འདྲི་ན། ཐོག་མར་ངེད་ཅག་གིས་སྒྲུང་དེ་ཀོ་ལས་བྱུང་བའི་ས་མིང་དང་གོམས་སྲོལ་ཁག་ཅིག་ལ་བལྟས་པས་ཤེས་ཐུབ་སྟེ། སྒྲུང་དེ་ཀར། ང་འདྲ་ང་ངོ་མ་ཤེས་ན།། སྟོད་ལ་དྭགས་གངས་རི་མན་ཆོད་དང་།། སོག་སེར་པོའི་སོག་ལམ་གོང་མ་ཚུན།། རྒྱ་ནག་པོའི་ཁྲིམས་སྒོ་ཕྱི་མ་ཡན།། བོད་གངས་རི་རྩེ་དགུའི་ས་ཆ་འདིར།། སྟོང་གསུམ་ཁ་ལོ་བསྒྱུར་བའི་དཔོན།། ཕོ་ང་འདྲ་མིན་པ་ཡོད་དོགས་མེད།། ཅེས་པ་ལས་ཀྱང་བོད་ཁམས་ཀྱི་གནས་ཤིག་ཡིན་པ་བཤད་ཡོད་ལ། གཞན་ཡང་། སྟག་གཟིག་ནོར་གྱི་རྒྱལ་བོ་དེ།། རིང་བོ་རྣ་བས་ཐོས་ཚོད་ལ།། བྱང་ཡང་ཐང་དམག་གི་རྒྱལ་བོར་གྲགས།། ཞེས་པའི་བསྟན་དོན་ལ་གཞིགས་ཚེ་སྟག་གཟིག་བྱ་བ་དེ་གླིང་གི་བྱང་རྒྱུད་དུ་ཆགས་ཡོད་པ་ཞིག་ཡིན་པ་ཤེས་ཐུབ་ཅིང་། ཡང་དེ་ཀར། བྱང་ཨ་ཐང་ལྷགས་པ་མདའ་ལས་ཚ།། ལུས་དར་གོས་ཨེ་མནབས་སྟག་རོང་དཔོན།། ཞེས་དང་། བྱང་ཐང་ཐང་རྒྱ་ཆེ་དང་གཅིག། དབྱར་དགུན་མེད་ལྷགས་རླུང་གཟེར་དང་གཉིས།། ཞེས་པ་ལ་སོགས་ཀྱིས་སྟག་གཟིག་གི་ཡུལ་དུ་ཐང་རྒྱ་ཆེ་ཞིང་དབྱར་དགུན་མེད་པར་ལྷགས་རླུང་ཆེ་བ། བྱང་ཐང་ཞེས་པས་བྱང་འབྲོག་གི་ས་གནས་ཤིག་ཡིན་པའང་ཤེས་ཐུབ་སྙམ།

བདག་གིས།༽

༼གོང་གི་ལུང་ཚིག་འདི་དག་ལས་འཆད་བྱའི་ཐ་སྙད་གཙོ་བོ་བྱང་ཐང་ངམ་བྱང་འབྲོག་ཅེས་པ་འདི་ཡིན་པ་འདྲ། སྤྱིར་སྐབས་འདིའི་བྱང་ཞེས་པ་འདི་ཕྱོགས་སྟོན་པའི་ཐ་སྙད་ཅིག་ཡིན་རེད་པས། གླིང་སྒྲུང་ནང་གི་བྱང་ཐང་དང་བྱང་འབྲོག་ཅེས་པ་འདི་ནི་དེང་གི་བོད་ཀྱི་བྱང་ཕྱོགས་ཙམ་ལ་གོ་བ་ཡང་ཨེ་ཡིན་ནམ། མར་ཡུལ་ལ་དྭགས་ཕྱོགས་སུའང་བྱང་ཐང་དང་རྐྱང་ཐང་སོགས་མང་ལ། ལྷག་པར་དུ་བྱང་ཐང་ཞེས་པ་བྱང་ཕྱོགས་ཁོ་ནར་ངོས་མི་འཛིན་པར། མར་ཡུལ་གྱི་ཤར་དང་བྱང་གི་ཕྱོགས་ཀྱི་འབྲོག་ཐང་ཡོངས་ལ་བྱང་ཐང་ཞེས་འབོད་ཀྱིན་འདུག ད་དུང་མར་ཡུལ་བྱང་ཐང་ནས་ཡིན་པའི་ཀུན་བཟང་རྡོ་རྗེས་ཟེར་བས་“བྱང་ཐང་”ཞེས་པའི་ཐ་སྙད་འདིའི་ཐད་དུ་ཆེད་རྩོམ་ཡང་སྤེལ་འདུག་ལ། ཁོང་གིས་ཀྱང་བྱང་ཐང་ཟེར་བ་ནི་ངེས་པར་བྱང་ཕྱོགས་ཀྱི་ཐང་ཞིག་ཡིན་པར་ངོས་འཛིན་མི་བྱེད་པའི་སྒྲུབ་མང་དུ་བཀོད་པ་འདིར་ཡིག་ཚོགས་ལ་འཇིགས་མི་སྨྲ། (མར་ཡུལ་བྱང་ཐང་གི་འཚོ་བ་རོལ་སྟངས་དང་ཡུལ་སྲོལ་གོམས་གཤིས། འདས་མཆོད་དང་གཉེན་སྟོན། བག་སྟོན་དང་དུས་ཆེན་སྲུང་རྩི་སོགས་ཡོད་ཚད་ལ་འགྱུར་བ་ཅུང་ཙམ་ཡང་ཕྱིན་མི་འདུག)


དགེན་ནེ་སྟག༽

ཡང་སྒྲུང་དེ་ཀར། ས་འདི་ཡི་ས་ངོ་མི་ཤེས་ན།། ཤྭ་རྐྱང་མ་བུ་རྩེ་ས་རེད།། ཞེས་དང་། ཡང་། ཕོ་རྫ་ཁྲབ་ཁྲོབ་ཟེར་ས་ནས།། མོ་རྫ་གཡའ་སྐད་གྲགས་ས་ནས།། བྱ་གོང་མོས་ཕིག་གུ་ཟེར་ས་ནས།། ཞེས་དང་། བྱང་དྲེད་གཡག་རྒོད་ངར་མ་ཡིན།། ཕོ་སྤྱང་ངུར་སྒྲ་འདེབས་ས་རེད།། མོ་སྤྱང་འདྲིས་གཡོག་བྱེད་ས་རེད།། སྤྱང་ཕྲུག་རྩེད་མོ་རྩེ་ས་རེད།། ཕོ་རོག་འཕོ་བ་འདེབས་ས་རེད།། ཅེས་དང་། ཁྲུང་ཁྲུང་དཀར་མོའི་ཕ་ཡུལ་རེད།། འབྲོང་རྒོད་རུ་དམར་གཟེངས་ས་རེད།། འབྲོང་མས་བེའུ་ཁྲིད་ས་རེད།། ལ་སོགས་ཀྱི་ཡུལ་གཤིས་མཚོན་པའི་གླུ་ཚིག་མང་དུ་ཡོད་པ་ལས། བོད་བྱང་འབྲོག་ས་ཆའི་ཁྱད་ཆོས་མང་དག་ཅིག་ཐོན་ཡོད་ལ། དེ་བཞིན་མཐའ་ཡས་པའི་བྱང་ཐང་། ན་སྤང་དང་རྫ་རི། གངས་རི་དང་སྤང་ལྗོངས་ལ་སོགས་པའི་ཡུལ་གནས་ཀྱི་རང་བྱུང་མང་དག་མངོན་ཡོད།

བདག་གིས།༽

(གོང་བཀོད་ནང་གི་བྱ་རིགས་རི་དྭགས་ཚང་མ་དེང་གི་ལ་དྭགས་ཀྱི་ཁོངས་གཏོགས་བྱང་ཐང་སྟེ་མཚོ་མོ་རིལ་རིལ་ནས་སྤང་གོང་མཚོ་བར་བོད་དང་ལ་དྭགས་ཀྱི་ས་མཚམས་ནས་ནུབ་ཕ་ཀི་སི་ཐན་གྱི་མཚམས་དུར་ཏུག་Turtuk ལ་ཐུག་གི་བར། དེ་ནས་ལྷོར་མཇའ་མོ་ཀ་ཤིརྨིར་ལ་ཐུག་གི་བར་དུ་ཁྱབ་ནས་འདུག་ལ། བོད་བྱང་འབྲོག་གི་ཁྱད་ཆོས་མང་པོ་དང་བྲག་དང་སྤང་རི་རྫ་རི། ན་སྤང་སོང་དང་གངས་རི། སྤང་ལྗོངས་སོགས་ཀྱང་གོང་གི་ལུང་ཚིག་ནང་དུ་བཤད་པ་ཅི་མ་ཅི་བཞིན་དུ་འདུག་ན། བྱང་འབྲོག་ཅེས་པ་ཡང་བྱང་ཕྱོགས་སུ་ངས་འཛིན་པ་གཅིག་པུ་ཤེ་ཡིན་ནམ་སྙམ།)

དགེན་མེ་སྟག

སྟག་གླིང་གཡུལ་འགྱེད་ཀྱི་ཐོག་མཐའ་བར་གསུམ་དུའང་བྱང་ལམ་ན་ན་འདམ་མང་ཚུལ་དང་གནམ་གཤིས་འགྱུར་ལྡོག་རྒོད་པ། རྐྱང་གྭ་མ་ཡིན་ཀྱང་ན་ལྷུང་འདམ་ཟུག་གི་བར་ཆད་འབྱུང་ངེས་པའི་གནས་སྟངས་བཤད་ཡོད་པ་དག་ལ་གཞིགས་ན་བོད་བྱང་འབྲོག་ས་ཆའི་གནས་ཤིག་ཡིན་པ་ངོས་འཛིན་བྱས་ཆོག་ལ། གཞན་ཡང་། རྫ་རི་སྨུག་པོའི་ཡང་རྫོང་ནས།། དྲེད་ལེ་ཁམས་པ་སོག་དཀར་མཁྱེན།། བྱ་བ་དང་། དེར་བྱང་ཀོ་རོ་བྲག་རྒྱབ་ཟེར་བའི་བྲག་སེར་པོ་ཞིག་གདའ། ཆུ་ཆུང་ངུ་ཡོད་ས་ཞིག་ནས་རྗེས་ཟིན་ཏེ། ཞེས་པ་དང་། བྱང་མཐིང་ཐང་ཐང་རྒྱ་ཆེ་དང་གཅིག་ཞེས་པའི་གླུ་དེའི་ནང་དུ། མཐིང་གི་མུ་ནེ་ལྷ་རྫོང་ཟེར་བ་དང་ མཐིང་ཆུ་སྔོན་མོའི་རབ་ཁ་སོགས་ཀྱི་མིང་བྱུང་བར་བལྟས་ན། ཁོ་བོས་ནི་དེང་གི་ཡུལ་ཤུལ་དགེ་རྒྱལ་གྱི་རྫ་སྟོད་རྫོང་གི་ས་གནས་སུ་ངོས་བཟུང་ཡིན་ཏེ།

ཡུལ་ཤུལ་རྫ་སྟོད་རྫོང་གི་ས་གནས་དེ་གཅིག་ན་ནག་ཆུའི་འདམ་གཞུང་དང་འདབས་འབྲེལ་ཞིང་། བྱང་འབྲོག་གི་འབྲོག་གནས་རྐྱང་བའི་ཡུལ་ཞིག་ཡིན་པ་དང་། གཉིས་ན་གནས་དེར་སྒྲུང་ལས་བྱུང་བའི་ས་མིང་དང་རི་མིང་སོགས་མ་འགྱུར་བར་ཡོད་པ་སྟེ། རྫ་སྟོད་ཀྱི་འདམ་གཞུང་གྲོང་དང་མུག་གཞུང། རྫ་ཆེན་གྲོང་ལ་སོགས་ནི་མཚོ་ངོས་ལས་རྨིད་༤༨༠༠ཡན་དུ་ཡོད་པ་སོགས་ཀྱིས་ས་བབས་དང་མཐུན་པ། དུས་དབྱར་དགུན་མེད་པར་གྲང་ངར་ལྷགས་རླུང་ཆེ་བ། འབྲོང་གཡག་གི་རྭ་རྩེ་གཟེངས་ས། ཁྲུང་ཁྲུང་དཀར་མོ་ན་འདམ་དུ་འཕུར་ས། གོང་མོ་དང་ཤྭ་བ་ལ་སོགས་བག་ཡངས་ཀྱིས་འཚོ་བ་སོགས་རི་དྭགས་ཀྱི་རིགས་དང་མཐུན་པ། དེ་བཞིན་རྫ་སྟོད་དུ་དྲེད་ལེ་ཁམས་པ་དགྲ་འདུལ་དུ་འབོད་པའི་རྫ་རི་ཞིག་ཡོད་པ་ཡུལ་དེའི་གཞི་བདག་དྲག་རྩལ་ཅན་ཞིག་ཡིན་པར་བཤད་པ་དང་རྫ་དེའི་འདབས་རོལ་གྱི་ལུང་ཁོག་དེར་ཡང་དྲེད་ལུང་དུ་འབོད་པ། མཐིང་གཞུང་བྱ་བའི་ས་རུ་མཐིང་གི་མུ་ནེ་ལྷ་བཙན་ཟེར་བ་དང་མཐིང་ཆུ་བྱ་བའི་ཆུ་སྔོ་ཤག་གེ་བ་ཞིག་འབབ་པ། དེ་བཞིན་ཡུལ་དེའི་ཐང་དེ་ལའང་མཐིང་ཐང་དུ་འབོད་ཀྱིན་པ་སོགས་ཀྱི་ས་མིང་མ་འགྱུར་བར་ཡོད་འདུག།

བདག་གིས།༽

༼ང་ཚོའི་དེང་གི་གླིང་སྒྲུང་ཞིབ་འཇུག་འདི་ཡང་ད་ཡོད་ནས་ནང་དོན་དང་སའི་རྒྱ་ཁྱོན་སོགས་གང་ཐད་ནས་ཅུང་རྒྱ་སྐྱེད་རང་བཞིན་ཅན་དུ་འགྱུར་ཐུབ་ན་དགེ་མཚན་ཆེ་བར་བདག་འདོད། དེ་ཡང་དེང་གི་གླིང་སྒྲུང་ཞིབ་འཇུག་འདི་ནི་ཉིད་ཀྱིས་བཤད་པ་བཞིན་འགུ་ལོག་ཡུལ་ཤུལ་དང་སྡེ་དགེ་ཕྱོགས་ཙམ་དུ་ངོས་བཟུང་སྟེ་ཞིབ་འཇུག་བྱས་ན་སའི་རྒྱ་ཁྱོན་དང་ནང་གླིང་སྒྲུང་གི་ནང་དོན་གྱིས་ཁྱབ་ཚད། ལྷག་པར་དུ་གླིང་སྒྲུང་ནང་གི་རྒྱལ་ཁབ་མང་པོ་ཞིག་ལ་དམག་འཐབ་བྱས་རབས་རྣམས་ཁྱེར་སའི་ཁུངས་རྙེད་དཀའ་བར་གྱུར་དང་འགྱུར་བཞིན་མི་འདུག་གམ། འདིའི་སྐོར་ནས་ཆབ་འགག་རྟ་མགྲིན་སོགས་གླིང་སྒྲུང་བཙན་པོའི་ལོ་རྒྱུས་ལ་སྦྱར་ནས་དཔོད་མཁན་དག་ལའང་ངེས་དུ་གཟབ་ཉན་བྱེད་དགོས་པར་སྙམ། ལོ་རྒྱུས་ཞིབ་འཇུག་གི་སྐབས་སུ་ས་མིང་ཆུ་མིང་ནི་གལ་ཆེན་པོ་ཡིན་མོད། མར་ཡུལ་ལ་དྭགས་དང་ཟངས་དཀར་སྟོད་སྨད་བར་གསུམ། ཁ་ཆེའི་ཡུལ་གཅིག་བརྟན་ནམ་(ཁྲི་བརྟན་བདག་གིས་འདོད)[ཡུལ་འདི་དེང་གི་ Gargil རྫོང་ཁོངས་སུ་ཡོད།] སོགས་སུ་ཡང་གླིང་སྒྲུང་ནང་གི་ས་མིང་ཆུ་མིང་མང་པ་མ་ཟད། གེ་སར་དང་གླིང་གི་དཔའ་རྟུལ་ཚོའི་རྐང་རྗེས་ལག་རྗེས་དང་རྟའི་རྨིག་རྗེས་སོགས་ཅིག་ཅིག་མིག་མིག་བརྩི་བརྩི་གྲངས་མེད་དུ་འདུག་ལ། ཁ་ཆེའི་ཡུལ་གཅིག་བརྟན་དུ་ཆོས་ལུགས་མུ་སི་ལམ་ཁ་ཆེའི་ཆོས་ལུགས་ཡིན་པ། གླིང་སྒྲུང་བཤད་པར་ཐོག་པ་མེད་པའི་བུ་སྤུན་གཉིས་ཡོད་པ་བདག་གིས་ནཇལ་ཞིང་། བབ་སྒྲུང་དག་སྒྲ་ཐག་ཏུའང་ཕབ་ཡོད་ན། ད་ནི་གླིང་སྒྲུང་དང་གླིང་གེ་སར་ཟེར་བ་འདི་ལ་རྒྱ་ཆུང་ཆུང་ཞིག་གིས་དཔྱད་ན་དཔྱད་རིན་ཆུང་བར་སྙམ། ༽

དགེན་མེ་སྟག༽

དེ་བཞིན་དུ་སྒྲུང་དེ་ཀ་ལས། ནུབ་རྒོ་བ་ལ་ཡི་ཕར་ནང་ནས།། ཞེས་པའི་རྒོ་བ་ལ་ནི་རྒོ་གཞུང་བྱ་བའི་གནས་སུ་ཡོད་པ་དེང་ཡང་ཡོད་ལ། ཡུལ་ཕྱོགས་དེའི་རྒན་པོའི་ངག་རྒྱུན་དུའང་སྟག་གཟིག་གི་དམག་དཔོན་བཙན་ལྷ་ཤེལ་ཆགས་ཀོ་རོ་ཀླད་གདོང་གིས་མདས་བསད་པ་དང་། གྱད་མི་གནམ་ལྕགས་གུ་རུ་ཡང་མཐིང་ཆུའི་རྒྱུད་དུ་བསད་པའི་ཤོད་རྒྱུན་ཡོད་འདུག སྒྲུང་དེའི་མཇུག་ཏུ་སྟག་གླིང་གི་མདུན་མ་གཏམ་སའི་ཁམས་ཀྱི་རོང་བོ་དཔལ་ཐང་དུ་འབོད་པ་དེ་དེང་གི་སྐྱེ་རྒུ་གྲོང་བརྡལ་གྱི་ནུབ་བྱང་ཕྱོགས་སྤྱི་ལེ་༤༠ ལྷག་གི་ས་རུ་ཡོད་ཅིང་། སྟག་གླིང་ལས་བྱུང་བའི་འདམ་ཆུ་དམར་པོའི་རབ་ཁ་ཞེས་པ་དེ་དེང་གི་ནག་ཆུའི་འདམ་གཞུང་དང་རྫ་སྟོད་ཀྱི་འདམ་གཞུང་བརྒྱུད་ནས་འབབ་པའི་འབྲི་ཆུའི་ཆུ་ལག་ཅིག་ཡིན་པ་ཁོ་བོས་འབྲི་ཆུའི་མགོ་ཁུངས་སྙེགས་དུས་ཀྱང་མཐོང་མྱོང་ངོ་།།

དེ་བས་ཀྱང་སྒྲུང་དེར་ང་འདྲ་ང་ངོ་མ་ཤེས་ན།། རྫ་དཀར་ནག་ཆག་གི་བར་སྒང་ནས།།ཞེས་འབྱུང་བའི་ས་ནི་ཡུལ་ཤུལ་གྱི་རྫ་དཀར་གཞུང་དང་རྫ་ནག་གཞུང་བྱ་བའི་རི་སྒང་ལ་ངོས་བཟུང་ཆོག་པ་སོགས་སྟག་གཟིག་བྱ་བའི་ཡུལ་ནི་དེང་གི་བོད་ལྗོངས་ནག་ཆུའི་སྙན་རོང་རྫོང་གི་ཤར་ཕྱོགས་དང་ཡུལ་ཤུལ་འབྲི་སྟོད་རྫོང་གི་ནུབ་བྱང་། རྫ་སྟོད་རྫོང་གི་བྱང་ཕྱོགས་ཀྱི་ས་ཆར་ངོས་བཟུང་བ་ཡིན་ལ། སྟག་གཟིག་རྒྱལ་བོའི་རྒྱལ་ས་ནི་དེང་གི་རྫ་སྟོད་ཀྱི་དྲེའུ་རྒེའུ་ཐོབ་གསུམ་བྱ་བའི་གནས་ཡིན་པར་བཤད་ཆོག གསལ་བཤད་ཞུ་རྒྱུ་ཞིག་ལ་རྫ་སྟོད་ནི་ཟླ་ཆུའི་མགོ་ཁུངས་སུ་ཡོད་པས་མིང་ལ་ཟླ་དང་རྫ་གཉིས་གང་ཡང་སྤྱོད་ཀྱིན་ཡོད།

དབག་གིས།༽

༼གོང་གི་དུམ་ཚན་འདི་གཉིས་ལས་ངག་རྒྱུན་རེ་དང་སྦྱར་འདུག་པ་དོན་གྱིས་ཕྱུག་པའི་བརྗོད་བྱར་སྙམ། ཡང་སྒྲུང་དེབ་དེའི་ཚིག་དུམ་ལུང་འདྲེན་བྱས་བ་ཚང་མ་སྟག་གཟིག་གི་རྒྱལ་བློན་དམག་མིས་བླངས་པའི་གླུ་ཚིགས་ཡིན་ཤག་ལ། དེ་མིན་སྒྲུང་དེར་སྟག་གླིང་གཉི་གའི་རྒྱལ་བློན་དམག་ཚོགས་ཀྱི་སྐད་ཆའི་འགྲོས་ཕབ་ཡོད་པར་ནོར་ཉེར་ཡང་མི་ཆེའམ་སྙམ་པ་དང་། ཡང་དགེན་གྱིས་སྟག་གཟིག་རྒྱལ་པོའི་རྒྱལ་ས་ནི་དེང་གི་རྫ་སྟོད་ཀྱི་དྲེའུ་རྒེའུ་ཐོབ་གསུམ་བྱ་བའི་གནས་ཡིན་པར་བཤད་པ་ནི་གླིང་སྒྲུང་ཞིབ་འཇུག་གི་ཐད་ལ་བཞག་པའི་དཔྱད་གཞི་ཐོག་མའམ། གོམ་གང་མདུན་སྤོས་ཀྱིས་སྐད་ཆ་ཤིག་ཡིན་སྲིད་ལ། ངས་ཀྱང་འདིའི་སྐོར་ལ་བསམ་བློ་རེ་ཐོངས་བལྟ་ཡོང་། དེ་མིན་འདིའི་ཐད་དུ་འོབ་ཚོད་དུ་སྐད་ཆ་བཤད་མི་ཕོད། ༽

དགེན་མེ་སྟག༽

དེ་བཞིན་དུ་སྒྲུབ་བྱེད་མང་དུ་འདུག་མོད། སྟག་གཟིག་གི་སའི་ཁྱད་ཆོས་དང་ས་མིང་རི་མིང་སོགས་རྫ་སྟོད་ཀྱི་ས་གནས་དང་མཐུན་པའི་གཏམ་བསྡུས་ཙམ་པ་ཞིག་གིས་འདི་ཙམ་བཤད་པ་ཡིན་ལ། གཞན་དུ་རྫ་སྟོད་ཀྱི་ཡུལ་འདིར་དེང་ཡང་བོན་གྱི་མ་ཎི་བརྐོས་མའི་རྡོ་སོགས་གང་སར་མཐོང་རྒྱུ་ཡོད་པ་དེས་ཀྱང་སྔོན་སྟག་གཟིག་པས་བོན་ལ་དད་པ་བྱེད་པའི་སྒྲུང་གི་གནས་ཚུལ་དང་མཐུན་པ་སོགས་ཡོད་མོད། འདིར་ཡིག་ཚོགས་ལ་འཇིགས་པས་མི་སྤྲོས་སོ།།

བདག་གིས།༽

༼མཐའ་དོན་གྱི་བཤད་པ་ནི་སྟག་གཟིག་ཅེས་པའི་རྒྱལ་ཁབ་བམ་ཡུལ་ལུང་ནི་རྫ་སྟོད་ཡུལ་ལ་ངོས་འཛིན་གནང་ཞིང་སྟག་གཟིག་རྒྱལ་པོའི་རྒྱལ་ས་ཡང་ས་དེར་ངོས་འཛིན་གནང་འདུག་ལ། དེ་ཡང་རྒྱབ་རྟེན་ལུང་ནི་སྟག་གཟིག་ནོར་རྫོང་དང་རྒན་པོའི་ངག་རྒྱུན། དོན་དངོས་གྱི་ས་ཆུ་རི་བྲག་གི་མིང་དང་རང་གི་རིག་པས་དཔྱད་སྟོབས་བཅས་ཀྱིས་གྲུབ་འདུག་ལ། བདག་དང་ཀློག་མཁན་མང་པོར་བློ་སྐྱེད་ཀྱང་མི་དམན་པ་ཞིག་ཐོབ་ཡོད་པའི་རེ་བ་ཞུ་རྒྱུ་དང་། དེ་རིང་སྔ་དྲོ་རྩོམ་ཡིག་འདི་མཐོང་རྗེས་སྨན་ཁང་དུ་སོང་བ་དང་། དེར་ཡང་སེམས་ནས་བྲེལ་ཚུབ་ལངས་དེ་ཕྱིར་ཡོང་ནས་ཞིབ་ཚགས་ཀྱིས་བཀླགས་རྗེས་རང་གི་བསམ་ཚུལ་ཡི་གེར་བཀོད་པ་ཡིན། ལས་བྲེལ་དང་ན་བའི་དབང་གིས་དང་ཀློག་མཁན་ཚོར་གོ་བདེ་བའི་སླད་དུ་བདག་གི་བསམ་ཚུལ་དག་དགེན་མེ་སྟག་གི་རྩོམ་གྱི་དབར་དབར་དུ་གཙབ་བརྒྱབས་ཡོད་ལ། འདི་ནི་བགྲོ་གླེང་གི་ཚུགས་ཀ་ཐོན་པའི་ཆེད་དུའང་ཡིན་ནོ། །

ཡང་དྲ་གྲོགས་གངས་རྡེའུ་ལགས་ཀྱིས་ཀྱང་དྲི་བ་རེ་ཟུང་བཀོད་པ་སྔར་བཀོད་རྩོམ་ཡིག་དང་འདི་གཉིས་ལས་ལན་ཅུང་ཙམ་ཐོབས་པའི་རེ་བ་ཆེ། ཡང་བསྐྱར་བགྲོ་གླེང་བྱོས་ཆོག

མཐར་དགེན་མེ་སྟག་གིས་དབག་གི་ཏ་ཟིག་ཅེས་པའི་ཟིན་བྲིས་ཀྱི་མཆན་བུར་ཁོང་གི་ཆེད་རྩོམ་འདི་ལ་བསམ་ཚུལ་རེ་བཤད་རོགས་གསུངས་པ་བཞིན་རང་གི་བསམ་ཚུལ་དུས་ཐུང་ནང་བྲིས་པ་ཡིན་ལ། སྐད་ཆ་བཤད་ཕྱོགས་དང་ཚིག་གི་སྡེབ་སྦྱོར་གྱི་དབར་དབར་ནས་གོ་མི་བདེ་བ་དང་བློར་མི་འབབ་པ། ཡང་ན་ཐུགས་ལ་ཕོག་པའི་ཚིག་འབྲུ་གཅིག་ཡོན་ནའང་སེམས་གཏིང་ནས་དགོངས་དག་ཞུ་རྒྱུ་དང་། ལར་ནས་ཀྱང་བསམ་ཚུལ་བརྗེ་རེས་མུར་གནང་རྒྱུའི་རེ་བ་སྙིང་ནས་ཞུ།༽ ཞེས་ཕྲན་གཅན་གྱིས་གུས་ཕུལ།



༢༠༡༠།༡༡།༩། ཉིན།

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག