(Kochi )ཁོ་ཆིན་གྱི་མཐོང་ཐོས་མྱོང་གསུམ་རེག་གླེང་།

དེ་རིང་ཞོགས་པ་ནས་ernakulam གྲུ་གཟིངས་ལ་ཞུགས་ཏེ་ Fort Cochin ཞེས་པར་སོང་བ་ཡིན། དེ་ནི་Ernakulam ནས་སྤྱི་ལེའུ་གསུམ་ཙམ་ན་ཡོད་ཅིང་གྲུ་གཟིངས་ཚང་མ་གཞུང་གིས་གཏོང་བཞིན་འདུག་ལ་གྲུ་གླ་སྒོར་གཉིས་དང་ཨ་ན་བརྒྱད་(སྒོར་གཅིག་གི་ཕྱེད་ཀ)རེད་འདུག གནས་དེར་ཡུལ་སྐོར་བ་མང་ཞིང་དཔེ་ཚོང་ཁང་དང་གཙོས་ཚོང་རྫས་སྣ་ཚོགས་དང་གནའ་དངོས་བཤམས་སྟོན་ཁང་ཁོ་ཆེན་གྱི་རྒྱལ་པོ་རིམ་བྱུང་གི་དངོས་རྫས་དང་ལོ་རྒྱུས་པར་བཅས་དང་། རྒྱ་གར་ནང་ཆེས་སྔ་བའི་ཡེ་ཤུའི་ཆོས་ཁང་སོགས་ལྟ་ས་མང་།


(ཁོ་ཆིན་གྱི་རྒྱ་གར་མཚོ་དམག་གི་དབུས་སྲིད་གཞུང་གི་ཁང་པ།)

ཨར་ཆེའོ་ལོ་རྗེ་ཁོལ་ Archeological Museum བཤམ་སྟོན་ཁང་དུ་ཕྱི་རྒྱལ་དང་ཡུལ་མི་ཁྱད་མེད་དུ་སྤ་སེ་སྒོར་ལྔ་རེ་རེད་འདུག བཤམ་སྟོན་ཁང་གི་སྒོའི་ནང་དུ་བུད་མ་ཐག་ནས་ར་མ་ཡ་ཎའི་རྟོག་བརྗོད་ལྡེབ་རིས་རྩིགས་ངོས་ཁེབས་པ་ཁང་པ་གྱན་འགའ་འདུག་ལ། རི་མོ་རྣམས་ལ་ཅུང་རྙིང་ཤོས་ལྡན་ཁར་ར་མ་ཡ་ཎའི་གཏམ་རྒྱུད་ཀྱི་བྱུང་རིན་ལྟར་དུ་བཀོད་འདུག་པས་ར་མ་ཡ་ཎའི་རྟོག་བརྗོད་མཇལ་མྱོང་མཁན་ཞིག་གམ་དེར་རྒྱུས་ཅུང་ཡོད་མཁན་ཞིག་ཡིན་ཚེ། འདི་ནི་དེ་དང་དེ་ནི་འདིའོ་སྙམ་པའི་ཀ་ངོ་ཡིག་ངོ་རེ་འཕྲོད་རྒྱུར་ཕན་ཐོག་ཆེས་ཆེར་ལྡན་ཏེ། ར་མ་ཡ་ཎས་འཕྲུལ་གྱི་རི་དྭགས་བདའ་ནས་མཐར་གར་སོང་མ་རྙེད་སལུས་སེམས་གཉིས་ཀ་ངལ་ནས་རང་གི་གཞུ་མཆོག་ལ་བསྙལ་ནས་ལངས་ནས་གཉིད་ཁུག་པའི་རྣམ་པ། མཐར་ལིངྒའི་ཡུལ་བཅོམ་སྟེ་རྒྱལ་པོ་ར་མ་ཡ་ཎ་བཙུན་མོ་སུ་ཏཱ། སྤྲེའུ་ཧ་ནུ་མན་ཐ་སོགས་མཁོར་བཅས་ལྷན་འཛོམས་ཀྱི་ལྡེབ་རིས། ཧ་ནུ་མན་ཐས་སྲིན་ཡུལ་ལ་མེ་རྒྱག་བཞིན་པའི་རྣམ་པ་སོགས་ངོ་མཚར་ཆེ་བའི་ལྡེབ་རིས་དག་གིས་མིག་དབང་འཕྲོག་པར་བྱེད་ལ། ལྡེབ་རིས་དག་ལས་ཤིང་སྡོང་དང་མིའི་བཟོ་རྣམ་སོགས་ནི་ང་ཚོ་བོད་ཀྱི་ཐང་གའི་རི་མོ་འདྲ་ཆེ་ལ། ཡང་འགའ་ཤོས་ལ་ཨ་རྗན་ཐའི་རི་མོའི་ཁྱད་ཆོས་ཀྱང་མངོན་གསལ་དུ་ཐོན་འདུག་པར་བདག་སྙམ།

དེ་ནས་མུ་མཐུད་ནས་སོང་ན་ཁོ་ཆིན་རྒྱལ་པོ་དག་གི་ལོ་རྒྱུས་དང་པར་རིས་འདྲ་མིན། དུས་རབས་བཅོ་བརྒྱད་པའི་ནང་དུ་ཕོ་ཆི་གྷལ་གྱི་མི་ཞིག་གིས་བྲིས་པའི་ཁོ་ཆིན་ མཁར་རྫོང་དང་ས་གནས་དེའི་ས་ཁྲ་བྲིས་པ་ཆེས་རྙིང་པར་གྱུར་འདུག་པ་གསུམ་ཙམ་འདུག་ལ། སྐབས་དེར་བྲིས་པའི་རྒྱལ་པོ་འཁོར་བཅས་དང་ཞི་དྲག་གི་བྱ་བྱེད་སྐོར་སྐོར་ཡང་རི་མོར་བྲིས་པ་མཇལ་རྒྱུ་འདུག

དེ་མིན་གཞན་གནའ་བོའི་རིག་དངོས་དང་གཙོ་ཆེར་ཡུལ་དེ་རང་གི་གནའ་ཆས་དང་དངོས་རྫས་འདྲ་མིན་ལྟ་རྒྱུ་འདུག་མོད།

ང་ཆེས་དགའ་ས་ནི་ར་མ་ཡ་ཎའི་རྟོག་བརྗོད་ལྡེབ་རིས་དེ་དག་རེད་མོད། བཤམ་སྟོན་ཁང་ནང་དུ་གང་སར་ལྐོག་ལྟ་མཉམ་ཆས་བཙུགས་འདུག་པས་མ་དཔེའམ་རྒྱུ་ཆ་ཙམ་ཡང་པར་ལེན་མ་ཐུབ་པས་ཅུང་ཕངས་པ་ཞིག་རེད། ར་མ་ཡ་ཎའི་ལྡེབ་རིས་དག་ན་ཨང་གྲངས་གཅིག་ནས་བཅུ་བར་སོགས་ཁང་པ་གྱན་གཅིག་གི་ལྡེབ་རིས་ངོ་སྤྲོད་ཆ་ཚང་རེ་མདུན་དུ་ཤེལ་སྒོམ་དུ་བྲིས་འདུག དེ་ལྟར་ན་ལྡེབ་རིས་དང་གཏམ་རྒྱུད་ཀྱི་བྱུང་རིམ་ངོ་འཕྲོད་པར་ཕན་ཐོག་ཧ་ཅང་ཆེ་བར་ལྡན་འདུག

ངས་བློ་མི་ཐོང་བ་ཆེ་ཤོས་དེ་ར་མ་ཡ་ཎའི་རྟོག་བརྗོད་ལྡེབ་རིས་ལས་རེ་གཉིས་པར་ལེན་མ་ཐུབ་དེ་རེད། ལྡེབ་རིས་དེ་བལྟས་ཚོད་ཀྱིས་ཅུང་རྙིང་ཤོས་ཆེ་ནའང་གནའ་དངོས་བཤམ་སྟོན་ཁང་དེར་ལོ་བརྒྱ་ཕྲག་འགའི་ལོ་རྒྱུས་མེད་པར་སྙམ་མོད། གཅིག་ཐང་ན་གནའ་དངོས་བཤམ་སྟོན་ཁང་གི་ཁང་པ་དེ་སྔ་མོ་ནས་ཡོད་ཀྱང་སྲིད་མོད་ལོ་རྒྱུས་ཞིབ་ཏུ་རེག་མ་བྱུང།

(ཧྥི་རན་སིཀ་ཆར་ཆི་ཞེས་པའི་ནང་དུ།)

དེ་ནས་ཡང་སྟོན་པ་ཡེ་ཤུའི་ལྷ་ཁང་དེར་མཇལ་དུ་སོང་བ་ཡིན། Thomas Kottakkavu Church ཟེར་བ་འདི་རྒྱ་གར་ང་དུ་Church སྟེ་ཡེ་ཤུའི་ཆོས་ཁང་ཐོག་མ་དེ་རེད་ཟེར། གཞན་དེ་St.Francis Church ཡང་ཕོ་ཆི་གྷལ་གྱི་ཡེ་ཤུའི་ཆོས་པ་ཞིག་གིས་དུས་རབས་བཅུ་དྲུག་པའི་མགོ་སྟོད་སྤྱི་ལོ་(༡༥༡༠ )ཙམ་ལ་བཞེངས་པར་ལོ་རྒྱུས་སུ་བཤད་པ་འདྲ་སྟེ་གསལ་པོ་ཞིག་ངས་ཤེས་མ་སོང་།

ངའི་མི་ཚེའི་ནང་དུ་ཡེ་ཤུའི་ཆོས་ཁང་དུ་སོང་བ་དང་པོ་དེ་ཡིན་ནམ་སྙམ། རྐུབ་སྟེགས་རིང་པོ་དེ་དག་སྟེང་དུ་མི་རྣམས་ལྷོད་ཀྱིས་ཁུ་སིམ་མེར་བསྡད་རྗེས། གནས་ཤན་པའམ་ཆོས་ཁང་བདག་གཉེར་བས་ངོ་སྤྲོད་གནང་མགོ་བཙུགས། ངའི་དབྱིན་སྐད་ཀྱི་ཤེས་ཚད་དམའ་ཁར་རྒྱ་གར་བ་དེའི་དབྱིན་སྐད་ཀྱི་སྒྲ་གདངས་དེ་ཇེ་ཁྲག་ཏུ་གྱུར་ནས་ངོ་ཚིག་གཅིག་གཉིས་རེ་ལས་གོ་མ་སོང་སྙམ་ཞིང་། གོ་བ་དེ་ཚོ་ཡང་ཏག་ཏག་འགྲིག་ཡོད་མེད་སུས་ཤེས། གང་ལྟར་ཁོས་"གལ་སྲིད་ཁྱོད་ཚོས་ཞལ་འདེབས་སམ་ཡང་མ་ཡང་ན་ཉོ་སྤྱད་རེ་འབུལ་འདོད་ན། སྒམ་ཆུང་གན་གི་ནང་དུ་སྒོར་རྡོག་འགའ་ཕངས་ན་ཆོག དེ་མིན་འདིར་ཕེབས་ཏེ་ཐད་ཀར་ཡང་ལ་སྒྲོན་ཆོག"ཟེར་བ་དེ་རེད་པས། ངས་ལག་འདར་བཞིན་དུ་ཧིན་སྒོར་༢༠ བླངས་ཏེ་ལ་སྒྲོན་ཞིག་སྦར་བ་ཡིན་ལ། གསོལ་བ་རེ་ཡང་བཏབ་པ་འདིར་ཁྱོད་ཚོར་མི་བཤད།

ངའི་ཉམས་མྱོང་ལ་རྒྱ་གར་བ་ཚོ་ཕྱི་གླིང་བ་གཙོས་ཡུལ་སྐོར་བར་གནས་ལེན་ནམ་ཁ་ཡ་བྱེད་རྒྱུར་ཧ་ཅང་དགའ་བར་མཐོང་ལ། གང་སར་ཚོང་ཁང་དང་འགྲུལ་ཁང་། དེ་མིན་ལམ་འགྲམ་གཡས་གཡོན་དག་ན་འདུག་པ་རྣམས་ཀྱིས་ཧ་ལོད་ཧ་ལོད། ཁྱོད་རྒྱལ་ཁབ་གང་གི་ཡིན། ང་ལྟ་བུ་ལ་from japan?? From Korea?? China??སོགས་དྲི་བ་སྣ་ཚོགས་འདྲི་བར་བྱེད་ལ། ངས་ཀྱང་སུན་སྣང་གིས་དྲི་བ་གང་དྲིས་ལ་yes. འདིར་གཅིག་བུ་བཤད་པ་ཡིན། འོན་ཀྱང་འགྲུལ་ཁང་གི་སྦྱིན་བདག་དང་ལས་བྱེད་དེ་ཚོར་ཁ་བརྡ་ལྷོད་པོར་བྱེད་དུས་ང་བོད་པ་ཡིན། དྷ་རམ་ས་ལ་ན་ཡོད་སོགས་གང་ཤེས་རེ་བཤད་ཅི་ཐུབ་བྱས་པ་ཡིན།

ཁོ་ཆེན་ཟེར་ས་དེར་འདུག་གནས་སམ་གླིང་ཆུང་གསུམ་དུ་བགར་ཆོག་སྙམ་ལ། གཅིག་ནི་Fort Cochin དང་ willingdon island དང་ (གནས་འདི་ནི་རྒྱ་གར་གྱི་མཚོ་དམག་གི་ལྟེ་གནས་གལ་ཆེ་ཤོས་དེ་རེད་ཟེར་ལ། ཉེན་རྟོག་པས་སྐོར་ཞིབ་བྱས་པ་ཧ་ཅང་ནན་ཏན་རེད་འདུག གང་བྱུང་དུ་པར་རྒྱག་ཆོག་མི་འདུག)ernakulam བཅས་རེད་ལ། གཞུག་མ་དེ་ནི་མཚོ་གླིང་མ་རེད།

ས་འདིར་འགྲུལ་ཁང་གི་རིན་གོང་ཚད་ལྡན་རེད་འདུག་ལ། གླ་འཁོར་ཆེ་ཆུང་ཚང་མས་ཚད་མེད་པའི་རྫུན་གྱིས་ཡུལ་སྐོར་བར་མགོ་གཡོག་མགོ་སྐོར་གཏོང་ཅི་ཐུབ་བྱེད་པ་དེ་འདྲ་གཏན་ནས་མ་རེད་ལ། གང་དུ་འགྲོ་སའི་ས་དེར་རིན་གོང་ཚད་ལྡན་ལས་ལེན་སྲོལ་མེད་པས་སེམས་བདེ་མོ་རེད།

(སྟོན་པ་ཤཱཀྱ་ཐུབ་སོགས་རྡོ་བརྐོས་དང་ཟངས་ལྕགས་སྣ་ཚོགས།)

ཚོས་རྫས་སྣ་ཚོགས་ཤིང་མང་ཆེ་བ་འདི་རེད་ཅེས་བཤད་མི་བཏུབ་མོད། ཤིང་དང་རྡོ་ལ་བརྐོས་པའི་སྟོན་པ་དང་ཚོགས་བདག་གླང་སྣ། མཆོད་པའི་ལྷ་མོ་སྣ་ཚོགས། རྟ་དང་རྨ་བྱའི་གཟུགས། མཐོང་མ་མྱོང་ཞིང་མིང་མི་ཤེས་པའི་སེམས་ཅན་སྣ་ཚོགས་ཀྱི་གཟུགས་བརྙན་རྡོ་དང་ཤིང་ལ་བརྐོས་པ་སྟེང་ན་འོག་ཀྲིག་ཀྲིག་བྱེད་ལ་ཆེ་ཆུང་སྣ་ཚོགས་ཅན། རས་ཆ་འདྲ་མིན་ལ་འཚེམ་གྲུབ་བྱས་པའི་གླང་ཆེན་དང་རྨ་བྱ། ཡུལ་ལྗོངས་དང་སྒྱུ་རྩལ་རི་མོ་སྣ་ཚོགས་བྱས་པ། རྒྱ་གར་གྱི་ས་ཁྲ་ཆེ་ཆུང་རས་ལ་གོས་སྐུད་ཀྱིས་འཚེམ་གྲུབ་བྱས་པ།(གཅིག་ལ་སྒོར་༢༥༠༠ ནས་༣༥༠༠་བར་ཆེ་ཆུང་འདྲ་མིན) རས་ཆ་ཁ་ཏོག་སྣ་ཚོགས་ཙན་གྱི་གྱོན་གོས་འདྲ་མིན་སོགས་བཤད་དུ་མི་ལངས་ཀི

བཟའ་བཏུང་ལས་སིལ་ཁུ་གོང་ཆུང་ཤོས་རེད་འདུག སྤྱིར་རྒྱ་གར་ལྷོ་ཕྱོགས་སུ་སིལ་ཏོག་སྣ་ཚོགས་མང་པོ་ཡོད་པས་སིལ་ཁུའི་གོང་ཆུང་བ་ཨེ་ཡིན་ནམ་སྙམ། གང་ལྟར་ཤེལ་ཕོར་ཆེ་བ་གང་ལ་སྒོར་༡༥ ནས་༣༠ ཙམ་རེད་འདུག དམར་ཟས་རིགས་སྣ་ཚོགས་ཤིང་མང་ཆེ་བ་ཉ་དང་འབུ་སྲིན་རིགས་ཤུགས་ཆེ་བ་འདུག ཉ་དང་འབུ་རིགས་སྣ་ཚོགས་ཤེལ་སྒྲོམ་དུ་བཞག་ནས་ཚོང་བཞིན་འདུག ཉོ་མཁན་གྱིས་རང་ལ་གང་དགོས་བདམས་ཏེ་དེ་ག་རང་དུ་མེ་དང་སྣུམ་སོགས་ལ་བསྲེག་སྟེ་ས་མཁན་ཡང་མང་པོ་འདུག་ལ། ཕྱི་དྲོ་དུས་ཚོད་ལྔ་བ་ཡོལ་ཙམ་ནས་སྲང་ལམ་དང་མཚོ་འགྲམ་བྷེ་ཆི Beach ཚང་མར་བསུར་དྲི་ཁྱབ་ནས་འདུག་ལ། ཟས་རིགས་ཀྱི་རིན་གོང་ཚད་ལྡན་རེད་འདུག བྱ་ཤ་དང་ར་ཤ་སོགས་ཅུང་རིན་གོང་ཆེ་ཙམ་འདུག ཤ་མེད་སྔོ་ཚོད་སྣ་ཚོགས་ཤིང་། གློ་བ་ཕྱོགས་ནས་འདི་བར་དུ་སྔོ་ཚོད་ནི་ཡག་རེ་ཡག་ཚད་འདུག་ལ་རིན་གོང་ང་ཚོ་དྷ་ས་དང་བསྡུར་ན་ཧ་ཅང་ཆུང་ཆུང་འདུག

(ཟངས་ལྕགས་དང་ཤིང་རིགས་སྣ་ཚོགས་ཀྱིས་བརྐོས་དཀྲོལ་དངོས་ཆས།)

ཡ་ཡ། ད་དེ་ཙམ་གྱིས། ཚ་བ་ཅུང་ཆེ་བས་སྒང་ལ་སྟོད་སྒལ་ཡང་ན་བཞིན་འདུག ཅུང་ཙམ་ངལ་གསོས་རྗེས་ཡང་མུ་མཏུད་ནས་བྲི་ཨེ་ཏུབ་བལྟ་ཡོང་།

ངའི་ཀློག་མཁན་ཁྱོད་ཚོ་བཀའ་དྲིན་ཆེ། ཡི་གེ་གཏགས་རྗེས་ཞུ་དག་བྱས་མེད་པས་གཏགས་ནོར་སོགས་ལ་དགོངས་དག་ཞུ།

རྒྱ་གར་ལྷོ་ཕྱོགས་བར་ཁ་ལ་ཞེས་པའི་མཚོ་འགྲམ་ནས་སྤྱི་ལོ་༢༠༡༡ ལོའི་སྤྱི་ཟླ་༢ པའི་ཚེས་༡༠ ཉིན་རང་གནས་འགྲུལ་ཁང་ནས་ཤར་མར་བྲིས་ཏེ་སྤེལ་བ་འདིས་ཀྱང་ང་ལྟ་བུའི་ཡུལ་སྐོར་ལ་འགྲོ་མཁན་ཚོར་ཕན་ཅུང་ཙམ་རེ་ཐོག་པའི་རེ་བ་བཅས།

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག