"སྡེ་སྲིད"་ཅེས་པའི་ཐ་སྙད་ཀྱི་བསྡུས་དོན།

______"སྡེ་སྲིད"་ཅེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་ལ་རགས་ཙམ་དཔྱད་པ།

སྤྱིར་སྡེ་སྲིད་ཅེས་པ་ནི་ཡུལ་སྡེའི་སྲིད་དབང་སྟེ། སྲིད་དབང་སྡེ་ཚན་གཅིག་པའི་ས་ཆ་ལ་གོ་ཞིང༌། སྡེ་སྲིད་གཅིག་པའི་ས་ཞེས་པའང་སྲིད་དབང་སྡེ་ཚན་གཅིག་པའི་ས་ཆར་གོ་བ་ཡིན། ཡང་ཡུལ་སྡེའི་སྲིད་དབང་འཛིན་པའི་མི་སྣ་མཐོ་ཤོས་ཏེ་སྡེ་སྲིད་དང་སྡེ་པའང་ཟེར་སྲོལ་བྱུང༌།
དེ་ཡང་སྡེ་སྲིད་ཅེས་པ་ཐོག་མར་ཏ་སི་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས་མཐོང་བ་དོན་ལྡན ༼༡༩༨༩ལོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌།༽ གྲངས༡༧༦ ལས། "ཁྱེད་ལྷ་ཁང་པས། ང་སྡེ་སྲིད་ཀྱི་སྟེང་དུ་གནོད་པ་བདེ་དོག་དེ་ཙམ་ཞིག་བསྐྱལ་"ཞེས་པ་ནི་སྡེ་སྲིད་ཅེས་པའི་ཐ་སྙད་བདག་གིས་མཐོང་བ་ཐོག་མ་དེ་ཡིན་ལ། ཏ་སི་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས་མ་བརྩམས་པའི་སྔོན་དུ་སྡེ་སྲིད་ཅེས་པའི་ཐ་སྙད་འདི་ཧ་ལམ་མེད་པ་འདྲ།
ཏ་སི་བྱང་ཆུབ་རྒྱལ་མཚན་གྱིས་རབ་བྱུང་ལྔ་བའི་ཆུ་ཁྱི་སྤྱི་ལོ་༡༣༢༢ ལ་ས་སྐྱའི་བཀའ་ཤོག་དང་སྦྲགས་ཁུ་བོ་རྒྱལ་མཚན་སྐྱབས་ཀྱི་ཁྲི་དཔོན་ཕབ་སྟེ་རང་ཉིད་ཀྱིས་ཕག་གྲུའི་ཁྲི་དཔོན་མཛད་དེ་སྣེ་གདོང་རྫོང་གཞིས་རྩིས་བླངས། ༡༣༤༨ ལོར་ཚལ་བ་བླངས། ༡༣༥༢ ལོར་འབྲི་གུང་བླངས། ༡༣༥༤ ལོར་ཐད་ཀར་ས་སྐྱར་དམག་དྲངས་ཏེ་ས་སྐྱའི་གདན་ས་པ་ཏཱ་དབོན་བློ་གྲོས་རྒྱལ་མཚན་ཆོས་ཁྲི་ལས་ཕབ་ཅིང༌། དཔོན་ཆེན་རྒྱལ་བ་བཟང་པོ་བཙོན་ནས་བཏོན་ཏེ་ནང་ཆེན་དབང་བརྩོན་པ་གསོན་པོར་བཟུང་ཐོག་ས་སྐྱའི་ཆབ་སྲིད་ཀྱི་སྒྲིག་གཞི་རྩ་བ་ནས་གཏོར་ཏེ། བོད་ཡོངས་ཀྱི་སྲིད་དབང་ས་སྐྱའི་ལག་ནས་ཕག་མོ་གྲུབ་པས་བླངས་ཤིང་བོད་འབངས་རྣམས་ཕག་གྲུའི་སྲིད་དབང་གི་གདུགས་འོག་གཅིག་ཏུ་འདུ་བར་བྱས་ནས། ཏཱ་སི་བྱང་ཆུབ་རྒྱལ་མཚན་རང་ཉིད་ཀྱིས་སྡེ་སྲིད་མཛད་དེ་བོད་ཡོངས་ལ་སྲིད་ཀྱི་ཁ་ལོ་བརྟན་པོར་བསྒྱུར་བས་ཁོང་ཉིད་བོད་ཀྱི་སྡེ་སྲིད་དང་པོ་ཡིན་པ་བོད་ཀྱི་ལོ་རྒྱུས་ཡི་གེ་ཀུན་ལ་ཡོངས་སུ་གྲགས།
ཡང་སྡེ་སྲིད་ཅེས་པ་སྐབས་རེར་སྲིད་དབང་ལའང་གོ་བ་ཕག་གྲུའི་བཀའ་ཆེམས་གྲངས༢༧༣ ལས། "སོ་སོའི་ཉེ་བ་ཉེ་འཁོར་ལ་ཕོག་ཐུག་བྱུང་དོགས་ནས་ཕྱི་ཐེན་བྱས་ན། སྡེ་སྲིད་ཉམས་འགྲོ་བས། དཔལ་ཡི་ཤེས་ཀྱི་མགོན་པོ་བཀའ་བསྲུངས་དང་བཅས་པས་ཆད་པ་གཅོད་དགོས།"ཞེས་དང༌། ཡང་། "སྡེ་དཔོན་ཆང་ནག་མོའི་དབང་དུ་སོང་བ་ཚོའི་སྡེ་སྲིད་ཉམས་པ་དང་།" ཞེས་པ་སྲིད་དབང་ཉམས་པར་གོ་དགོས་པ་དང༌། "ཡ་རབས་ཀྱི་རྣམ་ཐར་བཟང་པོ་འཛིན་པ། དབུ་རྟ་དང༌། སྡེ་སྲིད་སྐྱོང་བ་རྣམས་ལ་དོ་དམ་བྱེད་པ་དེ་ལུགས་ཅན་ཡིན་ཞིང༌།" ཞེས་པ་སྲིད་དབང་སྐྱོང་བ། "མི་རབས་བཅོ་བརྒྱད་དག་ཏུ་ནི། སྡེ་སྲིད་བརྟན་ཅིང་ཕུན་ཚོགས་འདི།" ཞེས་པ་སྲིད་དབང་བརྟན་པ། "ད་དུང་སྡེ་སྲིད་འདི་མི་ཉམས་པ་ཡིན་པས་གོ་བར་གྱིས།" ཞེས་སོགས་ཀྱི་སྐབས་སྡེ་སྲིད་ཅེས་པ་སྲིད་དབང་ལ་གོ་བ་ཤེས་ནུས་པ་ཡིན།
དེ་ལྟར་ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱིས་ཕག་གྲུའི་སྡེ་སྲིད་དང་པོ་མཛད་པ་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བར་སྡེ་སྲིད་རིམ་པས་སྲིད་ཀྱི་ཁ་ལོ་བསྒྱུར་ཀྱང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོ་༡༧༠༥ ལོར་སོག་པོ་ལྷ་བཟང་ཁང་གི་བཙུན་མོ་ཚེ་དབང་རྒྱལ་མོས་བགྲོངས་བ་ནི་བོད་ཀྱི་སྡེ་སྲིད་མཐའ་མ་ཡིན་ནམ་སྙམ་སྟེ། གོང་ས་༧པའི་སྐབས་ནས་བཀའ་བློན་དང་བཀའ་ཤག་བསྐོ་བཞག་གིས་ཆོས་སྲིད་ཀྱི་ལམ་ཁ་གསར་པ་ཞིག་ཏུ་སྐྱོད་འགོ་བརྩམས་པས་སོ།།
འོན་ཀྱང་ལོ་རྒྱུས་ཡིག་ཆ་འགར། བཤད་སྒྲ་དབང་ཕྱུག་རྒྱལ་པོ་ལ་སྡེ་སྲིད་བཤད་སྒྲ་ཟེར་བའང་འབྱུང་བས་ན། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྡེ་སྲིད་མཐའ་མ་མིན་པར་ཡང་སྣང་བས་དཔྱད་པར་ཞུ།

སྤྱི་ལོ་༢༠༠༦ ལོའི་དབྱར་ཁ་བྲིས།

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག