"གུ་གེ"ཞེས་པའི་ཐ་སྙད་ཀྱི་བསྡུས་དོན།

གུ་གེ་ལ་འཁྱུག་ཙམ་ལྟ་བ།
གུ་གེ་ནི་གནའ་བོའི་ཞང་ཞུང་གི་རྒྱལ་ས་སྟེ། དེང་སང་བོད་རང་སྐྱོང་ལྗོངས་རྩ་མདའ་རྫོང་ཁོངས་དང་མངའ་རིས་ཁུལ་ཀྱི་ལྷོ་ནུབ་ཕྱོགས་སུ་ཡོད་ཅིང༌། ནུབ་དང་ལྷོ། བྱང་བཅས་རྒྱ་གར་དང་ཀ་ཤི་རྨིར་དང་ས་འབྲེལ་ཡིན་པ་དང༌། ཤར་དང་ལྷོ་ངོས་བོད་རང་སྐྱོང་ལྗོངས་ཀྱི་སྒར་རྫོང་དང་པུ་རངས་རྫོང་དང་འབྲེལ་ནས་ཡོད། གུ་གེ་ཞེས་པའི་ཐ་སྙད་འདི་བོད་ཀྱི་ཡིག་ཐོག་ཏུ་སླེབས་སྔ་ཤོས་ནི་བདག་གིས་མཐོང་བའི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ༼བཙན་ལོ་རིམ་བྱུང་གི་ལོ་རྒྱུས༽ཞེས་པ་དེ་ཡིན་ལ། དེ་ཡང་ཡིག་ཆ་དེའི་ཤོག་གྲངས་༥༨ ལས། "བྲན་གྱི་ནི་སྐལ་པོག་པ། གུ་གེ་ནི་རྐང་པྲན་ཞིག། འཁོལ་དུ་ནི་མ་ཐོ་འམ། གུ་གེ་ནི་བདྲིས་ཤིང་སྡང༌།" ཞེས་པ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཁོང་གི་སྲང་མོ་ཞང་ཞུང་རྒྱལ་པོ་ལིག་མི་སྐྱའི་བཙུན་མོར་གཤེགས་ཤིང༌། ཕྱིས་སུ་སྤུག་གྱིམ་བརྩན་རྨང་ཅུང་ཕོ་ཉར་མངགས་པར། བཙུན་མོ་སད་མར་ཀར་གྱིས་གཅེན་པོ་སྲོང་བཙན་ལ་ངག་འཕྲིན་གྱི་མགུར་བཞེངས་སྐབས་ཀྱི་ཚིག་དུམ་ཞིག་ཡིན་པས་ན། གུ་གེ་ཞེས་པའི་ཐ་སྙད་འདི་ཞང་ཞུང་བོད་ཀྱི་མངའ་རིས་སུ་མ་བཙུད་གོང་ནས་ཡོད་པས་གུ་གེ་ཞེས་པ་བོད་སྐད་མ་ཡིན་ལ། བདག་གིས་དེ་སྔོན་མཐོང་བའི་ལ་དྭགས་ཀྱི་ལོ་རྒྱུས་ཡིག་ཆ་མཚན་མི་དྲནཞིག་ལས་ཀྱང༌། གུ་གེ་ནི་ཞང་ཞུང་གི་རྒྱལ་ས་སྟེ། དོན་ནི་ཡི་གེ་ཞེས་པའོ། ཞེས་གསུངས་པ་ནི་དོན་ལ་གནས་ཏེ། གུ་གེ་ནི་ཞང་སྐད་དེ་ཡི་གེ་ཞེས་པ་ཡིན་པས་བོད་སྐད་ནི་མིན་ཚོད་འདུག་ཅིང༌། ཞང་ཞུང་རྒྱལ་པོ་ལིག་མི་སྐྱའི་ཕོ་བྲང་ཁྱུང་ལུང་དངུལ་མཁར་ཡོད་ས་དེར་གུ་གེ་སྟེ་ཡི་གེའི་དོན་ཅན་གྱི་མིང་འདོགས་དགོས་དོན་ཡང་དཔྱད་དགོས་པ་ཞིག་ཏུ་སྣང་ངོ༌།།
གནམ་རི་སྲོང་བཙན་སྐབས་སུ་ཡོངས་གྲགས་བོད་ལ་ཡི་གེ་མེད་ཀྱང་ཞང་ཞུང་གི་ཡི་གེའམ་གང་ལྟར་ཡི་གེ་ཞིག་བེད་སྤྱོད་བྱེད་བཞིན་པ་སྐབས་དེའི་རྒྱལ་བློན་བར་གྱི་མགུར་ཚིག་དང༌། སྐབས་དེར་བློན་པོ་རྣམས་ལ་དཔའ་རྟགས་སམ་ཆེ་བའི་རྟགས་སུ་གཡུ་དང༌། གསེར་དངུལ་གྱི་ཡི་གེའི་ཐོབ་སྤྲོད་བཞིན་ཡོད་པ་ནི་ཏུན་ཧོང་གཏེར་ཡིག་ལས། ༼བཙན་པོ་རིམ་བྱུང་གི་ལོ་རྒྱུས༽་ལས་གནམ་རིའི་སྐོར་འཆད་སྐབས། "བཙན་པོ་ཐུགས་བཉེསྟེ། མྱང་ཞང་སྣང་བློན་པོར་བཅུག་ནས། བློན་པོ་འི་མཚན་མར་ཡང་དངུལ་གྱི་སུག་བུ་ཆུང་སྩལཏོ། །"ཞེས་དང༌། ཡང་ཡིག་ཆ་དེར་སྲོང་བཙན་སྐབས་སུ་དབྱི་ཚབ་ཀྱི་བུ་ཚ་གང་རུང་བ་ཞིག་ལ་གསེར་གྱི་ཡི་གེ་རྒྱུན་མི་ཆད་པར་གནང་རྒྱུའི་བཀའ་གནང་སྐོར། "བུ་ཆ་གང་རུང་བ་གཆིག།། གསེར་གྱི་ཡི་གེ་མྱྀ་ཆད་པར་སྩལད་པར་བཀའ། སྩལཏོ།། བྱབྱདབྱི་ཚབ་ཀྱི་བུ་གཅིག་ལ། གསེར་གྱི་ཡྀ་གེ་ལས་སྨད་རེའ།" ཞེས་དང༌། སྲོང་བཙན་གྱི་སྲང་མོ་སད་མར་ཀར་གྱི་སྐོར་གླེང་སྐབས། "གྱིམ་བརྩན་རྨང་ཅུང་སླར། །བཙན་པོ་སྤྱན་སྔར་མཆིས་ནས། །བཙན་མོས་བཀའ་ལན་ཡྀ་གེར་གསོལ་པ་ནྀ་ཆང་མ་མཆིས། །མགུར་བླངས་པ་འྀ་ཚིག་ནི་འདྀ་ཞེས་མཆི།" ཞེས་པའི་གནམ་རིའི་སྐབས་སུ་བོད་ལ་ཡི་གེ་མེད་པ་དང༌། དབྱི་ཚབ་ལ་ཡི་གེ་སྩལ་སྐབས་ཀྱང་ཡར་ཀླུང་གཅིག་གྱུར་བྱས་མེད་པས་ཐོན་མི་རྒྱ་གར་དུའང་མ་སོང་བའི་སྔོན་ཡིན་པ་དང༌། སད་མར་ཀར་གྱི་སྐབས་དེ་ནི་ཞང་ཞུང་འབངས་སུ་མ་བཀུག་པའི་སྔོན་ཡིན་པས། ཡོངས་གྲགས་ཞང་ཞུང་སྤྱི་ལོ་༦༤༢ ནས་༦༤༣ བར་སྐབས་དེར་མངའ་ཞབས་སུ་བསྡུས་པ་ཡིན་ལ། ཐོན་མི་རྒྱ་གར་དུ་ཡི་གེ་སློབ་པར་འགྲོ་སྐབས་བོད་བཙན་པོའི་རྒྱལ་ཁབ་བཙུགས་རྗེས་སྤྱི་ལོ་༦༤༦ ལོ་ཡིན་པ་དང༌། རྒྱའི་ཐང་གི་ལོ་ཙཱ་བ་ཐང་སན་ཙང་ངམ་ཞོའོན་ཙང་ཕྱིར་རྒྱ་ ཡུལ་དུ་ལོག་རྗེས་ཀྱི་ལོ་བཞིའི་ཕྱིས་པ་ཡིན་པ་བཅས་ཀྱིས། སྐབས་དེར་བོད་རང་ལ་ཡི་གེ་མེད་ཀྱང་ཞང་ཞུང་གི་ཡི་གེའམ་གང་ལྟར་ཡི་གེ་ཞིག་བེད་སྤྱོད་བྱེད་བཞིན་ཡོད་པ་སུས་ཀྱས་བསྙོན་དུ་མེད་དོ།།

༼བོན་སྒོ༽འདོན་ཐེངས་དྲུག་པའི་གྲངས་༤༧ ལས།
ཡང་ལོ་རྒྱུས་ཡིག་ཆ་མང་དག་ཅིག་ན་གུ་གེ་ཡི་མིང་རྙིང་པར་ཞང་ཞུང་ཟེར་བ་ཡིན་ལ། བོད་བཙན་པོའི་རྒྱལ་རབས་མ་ཚུགས་གོང་གི་ཞང་ཞུང་རྒྱལ་རབས་ཀྱང་ས་གནས་འདིར་ཆགས་པར་གསུངས་ཀྱང༌། ཞང་ཞུང་གུ་གེ་ཡི་མིང་རྙིང་ཡིན་པར་མི་སེམས་ཏེ། ཞང་ཞུང་ནི་སྐབས་དེའི་ཞང་ཞུང་རྒྱལ་ཁབ་སྤྱི་དང་གུ་གེ་ནི་སྐབས་དེའི་ཞང་ཞུང་གི་རྒྱལ་ས་ལྟ་བུར་འདོད་ན་ཤུན་ཏུ་ལེགས་སྟེ། ༡༩༨༡ ལོའི།༼ལོ་འཁོར་གྱི་དེབ།༽ཤོག་ངོས་༣པར། "ཞང་ཞུང་འདི་གུ་གེ་དང་སྤུ་རངས་གཉིས་ཀྱི་མིང་ཡང་ཡིན་ངེས་ཤིང༌།" ཞེས་དང༌། དེ་མིན་གོང་གི་ཡིག་ཆ་བཙན་པོ་རིམ་བྱུང་གི་ལོ་རྒྱུས་༥༧ ལས། "རྒྱལ་འདྀ་འི་རིང་ལ། །ཞང་ཞུང་ལྡེ་བུ། །གཉེན་གྱྀ་ཡང་དོ། །འཐབ་ཀྱྀ་ཡང་སྐལ་ཏེ། ། ཞང་ཞུང་བདག་དུའ། ། ། །བཙན་མོ་སད་མར་ཀར། །ལྀག་མྱི་རྷ་ལ་ཆབ་སྲིད་ལ་གཤེགས་སོ། །" ཞེས་དང༌། ཡང་"རྒྱལ་འདྀ་འི་རིང་ལ། །ཞང་ཞུང་གྀ་རྒྱལ་པོ་ལ་དྲངས་སྟེ༌། ཆབ་སྲིད་མཛད་ནས། །ཞང་ཞུང་གྀ་རྒྱལ་པོ་ལྀག་མྱི་རྷ་སྲིད་བརླག་སྟེ། །ཞང་ཞུང་ཐམས་ཆད་འབངས་སུ་བཀུག་གོ། །" ཞེས་ཞང་ཞུང་དུ་ཆབ་སྲིད་ལ་གཤེགས་པ་དང་ཞང་ཞུང་བོད་འབངས་སུ་བཀུག་ཟེར་པ་སོགས་ལས་གུ་གེ་མི་ཟེར་ཞིང༌། ཞང་ཞུང་ལ་སྒོ་ཕུག་བར་གསུམ་སོགས་ས་ཁྱོན་གཞི་རྒྱ་ཆེ་ལ་མཐའ་ཡས་པ་ཞིག་ཡོད་པ་ལོ་རྒྱུས་ཡིག་ཆ་མང་པོར་གསལ་བས་ཞུ་མི་དགོས་ཤིང༌། གུ་གེ་ནི་ཞང་ཞུང་གི་རྒྱལ་ས་ཡིན་ལ་ཞང་ཞུང་ནི་རྒྱལ་ཁམས་སྤྱིའི་མིང་ཡིན་པར་ཤེས་དགོས་སོ།།"ཀཤི་མིར་གྱི་ལོ་རྒྱུས་"རཱཛཏྲངྒ་རི་ཞེས་བྱ་བར་ཞང་ཞུང་གི་མིང་ "གུ་གེ་རུ་འཆད་འདུག "གུ་གེ་ནི་ཞང་ཞུང་གི་ལྟེ་བ་ཡིན་པ་དང༌།" ཞེས་གུ་གེ་ཞང་ཞུང་རྒྱལ་ཁབ་ཀྱི་ལྟེ་བ་སྟེ་རྒྱལ་ས་ཡིན་པ་དང༌། ཡང་ཡིག་ཆ་དེར། ༼"དེའི་ལྷ་ཆེན་མོ་ནི་"ཧི་མ་ཅལ་དང༌། རྒྱ་གར་"ར་ཇི་སི་ཐན་གྱི་མི་དམངས་རྣམས་ཀྱིས་བསྟེན་པའི་ལྷ་རུ་གྱུར། ལྷ་འདི་ལ་རྒྱ་གར་པས་"གུ་གར་དེའུའམ "གུ་གརསིར་ཞེས་མཚན་བཏགས་པ་རེད།༽ད་དུང་ཡིག་ཆ་དེར། ཡང་དེང་སྐབས་སུ་གུ་གེ་ནས་དམག་དཔོན་ཞིག"བྷོཊ་བྷཱནབྱ་བས་"ཀང་ག་ར་ཡི་ལྗོངས་ལ་དབང་བསྒྱུར་བའི་ལོ་རྒྱུས་རྒྱ་དཔེ་"པྲི་ཐི་བི་རཱ་ཇིརསོ་སོར་བཤད་ཡོད་པ་རེད།" ཅེས་འཁོད་པ་ཡང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་དོ་སྣང་ཅན་ཚོས་འཚོལ་དགོས་པའི་གནས་སོ་ཞེས་ཞོར་དུ་ཞུས་པའོ།།

གུ་གེ་ས་ཆར་རྒྱལ་རབས་ཅི་བྱོན་དང་ཉེ་འཁོར་དག་ན་དགོན་སྡེ་གཙུག་ལག་ཁང༌།
འོན་ཀྱང་དུང་དཀར་ཚིག་མཛོད་གྲངས་༡༧༦༢ ལས། "བོད་དང་སུམ་པའི་མཚམས་ན་གུ་གེ་"ཞེས་ཆོས་འབྱུང་མཁས་དགའི་ལུང་འདྲེན་གནང་བ་ནི་ཅི་ཡིན་མ་ཤེས་ཀྱང་བརྟག་རྒྱུ་ཅུང་ཙམ་མེད་དམ་སྙམ་མོ།། ཆོས་ལུགས་གྲུ་མཐའ་ཅི་དར། རྫོང་དང་རི་ཆུ། མི་འབོར་དང་ས་ཞིང་དང་འབྲོག་ལས། ནགས་ཚལ་གྱི་རྒྱ་ཁྱོན་ཅི་ཡོད་སོགས་ཞིབ་ཏུ་ནི་དུང་དཀར་ཚིག་མཛོད་༤༩༤ ལས་གསལ་བས་དེར་གཟིགས་པར་ཞུ།
ཚིག་དོན་གང་གི་ཆ་ནས་ནོར་འཕྱུག་གང་དང་ཅི་ཡོད་ན་དམར་འདོན་གནང་རོགས།

༢༠༠༧ ལོའི་སྤྱི་ཟླ་༦ པའི་ཚེས ༡༧ ནིན་གངས་སྐྱིད་དཔེ་མཛོད་དུ་བྲིས།

Comments

Post a Comment

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག